༢༠༡༤ གསར་མཛོད།

འཆམ་མཐུན་གྱི་འཚོ་བ།

༄༅། །མཛད་རིམ་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ཀྱིས་བྱུང་བར་བརྟེན་བར་སྐབས་རང་གི་བསམ་ཚུལ་བརྗེ་ལེན་བྱེད་པའི་གོ་སྐབས་ཐོབ་མ་སོང་། དུས་ཚོད་ནི་མྱུར་བར་རྫོགས་ཀྱི་འདུག དུས་ཀྱི་འགྲོས་ཚད་དལ་དུ་གཏོང་རྒྱུ་ཡོད་ན་ངལ་གསོས་ ཆེན་པོ་ཞིག་ཡོང་བ་འདུག འོན་ཀྱང་འཁོར་བའི་རང་བཞིན་ནི་འཁོར་ལོ་ཆེན་པོ་ཞིག་ནང་བཞིན་ང་ཚོར་སྒུག་ལོང་མེད་པར་འགྲོ་ རྐྱང་བྱེད་པ་ཡིན། ངས་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ཁག་ཅིག་བསྐྱོད་རྗེས་ཧི་མ་ལ་ཡའི་རྒྱུད་དུ་རྐང་འཁོར་བཏང་ཏེ་གནས་མཇལ་ ཕྱིན་ཏེ་མི་མང་པོ་ཞིག་ཐུག་འཕྲད་དང་ལས་འགུལ་མང་དག་ཅིག་ནང་ཞུགས་པ་ཚང་མ་བདེ་བླག་བྱུང་སོང་།

ངའི་བརྩེ་བའི་གྲོགས་པོ་དང་སློབ་མ་ཚང་མས་རྒྱབ་སྐྱོར་བྱས་པར་ཡི་རང་ཡོད། རང་སོ་སོའི་མི་ཚེའི་ནང་སྐྱིད་སྡུག་གི་དཀའ ་ངལ་འཕྲད་བཞིན་དུ་མི་བཟང་པོ་ཞིག་ཆགས་ཐབས་ལ་ཚང་མས་འབད་བརྩོན་བྱེད་ཀྱི་ཡོད་པ་ཤེས་ཏེ་ཧ་ཅང་དགའ་པོ་བྱུང་། འདི་ ནི་སྐྱེས་ཧ་ཅང་གི་དཀོན་པོ་ཞིག་རེད།

འཛམ་གླིང་ས་གནས་འདྲ་མིན་ནང་ཧ་ལམ་ཆུ་ཚོད་རེ་རེའི་ནང་གུད་ཆགས་དང་། དམག་འཁྲུག ནད་ཡམས་ཡ་མཚན་ཅན་སོགས་ ཡོང་གི་ཡོད་རེད། རང་ཉིད་བདེ་པོ་ཡིན་པ་བསོད་བདེར་བསམ་བཞིན་བསོད་བདེ་དེ་ཙམ་མེད་མཁན་ཚོའི་ཆེད་སྨོན་ལམ་རྒྱག་ དགོས་པ་ཡིན། སྙིང་རྗེའི་བསམ་པ་དང་སེམས་པ་བཟང་པོ་ནི་མི་བཟང་པོ་ཞིག་ཆགས་ཐབས་ཀྱི་འགོ་བཙུགས་ས་ཡིན། དེ་ བཞིན་རང་གི་དུས་ཚོད་དང་ནུས་པ་མཁས་པོའི་ངང་བེད་སྤྱད་དེ་རང་གི་ནུས་ཚོད་ཀྱིས་གཞན་ལ་རོགས་ཕན་བྱེད་རྒྱུའི་འབད་ སྩོལ་བྱེད་དགོས།

ངའི་ཡབ་ཀྱིས་སྐུ་ཚེ་ཧྲིལ་པོར་ང་དང་ངའི་ཆོས་བརྒྱུད་ལ་རྒྱབ་སྐྱོར་གནང་རྒྱུར་དམིགས་ཏེ་ཕྱག་ལས་འབོར་ཆེན་ཞིག་གནང་ཡོད། ད་ཆ་སྐུ་ནའི་བབ་དང་སྐུ་ཁམས་འཕྲོད་མིན་རྐྱེན་གྱིས་དེ་ཙམ་གནང་ཐུབ་ཀྱི་མེད་རུང་གནང་འདོད་གནང་པ་ངས་ཤེས་ཀྱི་ཡོད། ང་ཁོང་གི་བུ་གཅིག་པོ་ཡིན་པས་ང་རང་རང་ངོས་ནས་ཁོང་ཀཿཐོག་གཞི་ཆེན་གྱི་བསྟན་བདག་ཡིན་པའི་ཆ་ནས་ཁོང་གི་ཐུགས་ འདོད་འགྲུབ་པའི་མཐུན་འགྱུར་གང་ཐུབ་བྱེད་ཀྱི་ཡོད། ཕྱི་ཟླ་ ༩ ཚེས་ ༢༥ ནས་ཕྱི་ཟླ་ ༡༠ ཚེས་ ༣ བར་བལ་ཡུལ་བཻ་རོ་ གླིང་དགོན་དུ་གཞི་ཆེན་ཚེས་བཅུ་ཐེངས་གཉིས་དེ་ཚོགས་རྒྱུར་ངས་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་ཡིན། ངའི་ཨ་ཞང་༧སྐྱབས་རྗེ་ རྨོག་ཚ་རིན་པོ་ཆེ་ཚེས་བཅུའི་དུས་མཆོད་ཁྱད་པར་ཅན་འདིར་དབུ་བཞུགས་གནང་རྒྱུ་ཡིན་པས་སྤྲོ་བག་ཤིནྟུ་ནས་ཆེ། ལོ་མང་པོ་ཞིག་གི་རིང་ཡུལ་གྲུ་མང་པོ་ཞིག་སྐོར་ཞིང་མི་མང་པོ་ཞིག་ཐུག་པའི་ཉམྶ་མྱོང་གི་ཤེས་བྱ་གཙོ་བོ་ཞིག་ནི། གོ་ནོར་གྱི་རྒྱུ་མཚན་རྐང་ཞིག་གཞན་གྱི་བསམ་ཚུལ་ཉན་འདོད་མེད་པ་དེ་རེད་འདུག ང་ཚོ་ཚང་མར་སོ་སོའི་བསམ་བློ་ རེ་ཡོད་པ་དང་བསམ་ཚུལ་དེ་གཞན་ལ་བཙན་འགེལ་མ་བྱས་ནའང་གཞན་གྱི་བསམ་ཚུལ་ངོས་ལེན་བྱེད་ཀྱི་མེད་པ་རེད། ང་ཚོའི་སེམས་པར་བསམ་ཚུལ་འདྲ་བ་དེ་ལེགས་པོ་ཞིག་མེད་པ་རེད་དྲན་གྱི་ཡོད་རེད། ང་ཚོར་མི་སྒེར་རམ་ཐོུང་གི་ གྲོས་འཆར་རེ་ཡོད་པ་དང་། རང་གི་གྲོས་འཆར་དེ་གཞན་གྱི་གྲོས་འཆར་ལས་གལ་འགངས་ཆེ་བར་བརྩི་ཡི་ཡོད་པ་རེད། ངའི་སེམས་པར་སྐབས་རེ་ང་ཚོས་གཞན་གྱི་ས་དེར་རང་བསྡད་ནས་ཕྲན་བུའི་བསམ་ཤེས་དགོས་བྱེད་དགོས་པ་རེད་བསམ་གྱི་ འདུག བསམ་ཤེས་ཀྱི་བློ་འདི་འདྲ་ཞིག་གོང་སྤེལ་ཐུབ་ན་རང་གི་བློ་ཁ་རྒྱ་བསྐྱེད་ཐུབ་ནས་སེམས་ཅན་གཞན་མང་པོ་ཞིག་རང་གི་ སེམས་ནང་འཇོག་ཐུབ་པ་ཡོང་གི་རེད། འཛམ་གླིང་འདིའི་ནང་བདེ་སྐྱིད་ཀྱི་འཚོ་བར་རོལ་དགོས་ན་འཆམ་མཐུན་འཚོ་གནས་ བྱེད་རྒྱུ་དེ་འགངས་ཆེན་རེད་བསམ་གྱི་འདུག

ཡང་༧སྐྱབས་རྗེ་རྒྱལ་བ་མདོ་ཁམས་པ་མཆོག་ནས་འབྱུང་འཆར་དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་དྲུག་པའི་ ཚོགས་གཙོའི་ཐུགས་འགན་བཞེས་རྒྱུའི་ཞལ་བཞེས་གནང་བྱུང་བ་སྤོབས་པའི་ངང་གསལ་བསྒྲགས་བྱེད་རྒྱུ་དང་། དེ་བཞིན་ ༧སྐྱབས་རྗེ་ཁམས་བྲག་རིན་པོ་ཆེ་རྣམ་གཉིས་ནས་ངའི་བཀོད་མངགས་བཞིན་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས་རྒྱུའི་ ཞལ་བཞེས་གནང་བྱུང་། བླ་མ་སྐྱེས་ཆེན་དམ་པ་འགའ་ཞིག་རང་གི་ཐུགས་བསྐྱེད་ཆེན་པོའི་མཐུ་ལ་ལ་བརྟེན་ནས་ཡང་སྤྲུལ་དུ་མ་ ཕེབས་ཀྱི་ཡོད་ཅིང་། ད་ལྟ་ང་ཚོའི་གནས་སྟངས་ལ་གཞིགས་ན་ང་ཚོའི་ཁྲོད་དུ་སྐྱེས་ཆེན་དུ་མ་ཕེབས་དགོས་འདུག་བསམ་གྱི་ འདུག་ཅིང་། ཐེ་འཚོམ་དོགས་འདྲི་མེད་པར་ངོས་ལེན་ཞུ་དགོས་པ་རེད། ཡང་སྤྲུལ་གཉིས་པོ་དེ་རང་གི་མིག་གཉིས་ལྟར་གལ་ ཆེན་འདྲ་མཉམ་རེད། སྐྱེས་ཆེན་དམ་པ་འགའ་ཞིག་ལ་ཡང་སྲིད་བཞི་ཡོད་པ་དང་འགའ་ཞིག་ཡང་སྲིད་ལྔ་ཕེབས་པའང་ཡོད།

༧སྐྱབས་རྗེ་རྒྱལ་བ་མདོ་ཁམས་པ་མཆོག་ནས་དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་དང་པོ་དང་གཉིས་པ་གཉིས་ཀྱི་ཚོགས་གཙོ་གནང་ཡོད་ཅིང་། དེ་ནས་བཟུང་ཁོང་ནས་གོ་སྒྲིག་བྱེད་རྒྱུར་ཉམས་མྱོང་དུ་མ་ཞིག་བསགས་ཡོད་ངེས་རེད་པས། སླར་ཡང་ཁོང་གི་གཙོ་སྐྱོང་འོག་འཚོགས་རྒྱུའི་ལོ་འཁོར་ལྷན་འཛོམས་ལ་རེ་སེམས་ཆེན་པོས་ངང་བསྒུག་བྱེད་བཞིན་ཡོད། ང་ཚོ་ཚང་མས་ཁོང་དང་ཁམས་བྲག་རིན་པོ་ཆེ་རྣམ་གཉིས་ལ་འཚམས་འདྲི་ལེགས་སོ་ཞུ་དགོས། དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་ ༦ པའི་བརྗོད་གཞི་དེ་ (འཆམ་མཐུན་གྱི་འཚོ་བ་) ཡིན།།

You are here: མདུན་ངོས། གསར་གནས། ༢༠༡༤ གསར་མཛོད། འཆམ་མཐུན་གྱི་འཚོ་བ།