༢༠༡༤ གསར་མཛོད།

བྱ་སྤྱོད་དངོས་ཀྱི་ཐོག་ནས་འདྲ་མཉམ་སྲུང་རྩི་ཞུ་བ།

༄༅། །ཆོས་ཕྱོགས་ནས་རྒྱུ་འབྲས་ལ་གཞི་བཅོལ་བའི་རྟེན་ཅིང་འབྲེལ་བར་གལ་གནད་ཆེན་པོ་བྱེད་ཅིང་། འགྲོ་བ་མི་རྣམས་ ཀྱིས་རང་ཉིད་སྤྱང་གྲུང་འཛོམས་ཤོས་དང་། ཉམས་མྱོང་ཆེ་ཤོས། ཐོབ་ཐང་ཆེ་ཤོས།ཐོན་ཁུངས་རྒྱུ་ཆར་བདག་ཐོབ་ཆེ་ཤོས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ལྟོས་མེད་ཀྱི་དབང་ཆས་ལྟོས་མེད་ཀྱི་ངན་ལྷད་ཞུགས་ཟེར་བའི་ཁ་དཔེ་བཞིན་ང་ཚོ་མིའི་རིགས་ཀྱིས་རང་ཉིད་འཛམ་གླིང་འདིའི་བདག་པོ་རང་རྐྱ་བ་ཡིན་སེམས་ཤིང་། རིམ་བཞིན་དེ་ལྟར་ཡིན་ཤག་བྱས་ཏེ་སྐབས་རེ་ཤེས་བཞིན་དང་སྐབས་རེ་སྣང་མེད་ཀྱིས་ལོག་པར་སྤྱོད་ཀྱི་ཡོད་རེད། དེའི་ཉེར་ལན་གྱི་སྡུག་བསྔལ་མྱང་དུས་འབྲས་བུ་དེའི་ས་བོན་རང་གིས་བཏབ་པ་ཡིན་པ་བརྗེད་དེ་གཞན་ལ་ཁག་དཀྲི་བྱེད་ཅིང་རང་ཉིད་ཀྱི་བྱ་སྤྱོད་ལ་བསམ་གཞིག་མི་བྱེད་པ་རེད།

རང་གི་སྡུག་བསྔལ་དང་བདེ་སྐྱིད་ཀྱི་བྱེད་པོ་རང་ཉིད་ཡིན་སྐོར་ངས་ལན་མང་བརྗོད་ཡོད་པ་ཁྱེད་ཚོས་གོ་ཡོད་རེད། དེས་ན་རང་གི་ཉམས་གུད་གཞན་ལ་ཁག་དཀྲི་མི་བྱེད་པའི་ཆེད་དུ་དྲན་ཤེས་བརྟན་པོས་ལས་འབྲས་ཀྱི་མེ་ལོང་ལ་རྒྱུན་དུ་བལྟས་ཏེ་ད་ལྟ་སྡུག་པོ་མྱོང་དགོས་པའི་ལས་ཅི་ཞིག་བྱས་ཡོད་མེད་བརྟགས་དགོས། དཔྱད་ཞིབ་འདི་འདྲ་བྱས་ན་སྔར་གྱི་ནོར་འཁྲུལ་སླར་མི་བྱེད་པར་ཕན་ཞིང་། རང་གི་ཀུན་སློང་དང་བསམ་བློ། བྱ་སྤྱོད་དྲན་ཤེས་བག་ཡོད་ལྡན་པ་ཡོང་རྒྱུར་སེམས་འགུལ་ཐེབས་ཀྱི་རེད།

ང་ཚོས་འགྲོ་བ་མི་རྣམས་རིག་སྟོབས་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས་ང་ཚོས་གོ་རྟོགས་དང་བརྩི་མཐོང་ལྡན་པ་ཡོང་བའི་འབད་བརྩོན་བྱེད་དགོས། ང་ཚོ་ཁྱིམ་ཚང་གཅིག་ནང་སྡོད་ཀྱི་ཡོད་པའི་གོ་རྟོགས་དང་སེམས་ཅན་གཞན་ལའང་བརྩི་མཐོང་བྱེད་དགོས་ཤིང་རང་བྱུང་ཁམས་སྲུང་སྐྱོབ་དང་། རང་བྱུང་ཁམས་དང་མཐུན་གཤིབ་ཀྱིས་གནས་དགོས། ང་ཚོ་བདེ་པོ་དང་སྐྱིད་པོ། སེམས་ཁྲལ་མེད་པར་གནས་དགོས་ཀྱང་། ང་ཚོས་དེ་ལྟའི་ཁོར་ཡུག་གམ་ཆ་རྐྱེན་བསྐྲུན་གྱི་མེད་ཅིང་རང་གི་སྡུག་བསྔལ་དེ་གཞན་ལ་ཁག་དཀྲི་བྱེད་ཀྱི་ཡོད་པས། རྣམ་དཔྱོད་ལྡན་པའི་མི་ཞིག་གིས་བྱེད་སྟངས་འདི་མགོ་ཚོད་ཐབས་མེད།

ཉེ་ཆར་ལ་དྭགས་སུ་འཁྱམ་ཁྱི་མང་བའི་སྐད་ངན་ཤོར་བ་དང་། འཁྱམ་ཁྱིས་མི་ལ་རྨུག་པའི་གནས་ཚུལ་ཇི་སྙེད་བྱུང་ཡོད། གོ་ཐོས་ལ་འཛམ་གླིང་ནང་འཁྱམ་ཁྱི་ས་ཡ་གཉིས་དང་ཕྱེད་ནས་གསུམ་བར་ཡོད་ཚོད་ (འཛམ་གླིང་མི་འབོར་གྱི་བརྒྱ་ཆ་ ༤ ཙམ་ཟིན།) རྒྱ་གར་ནང་འཁྱམ་ཁྱི་མང་ཤོས་ཡོད། འཁྱམ་ཁྱི་རྣམས་ཁོར་ཡུག་བག་བཙོག་ནང་འཚོ་བ་དང་གད་སྙིགས་ཟ་བས་ནད་རིགས་འགོ་སླ་བ་ཡོད། རྒྱ་གར་ནང་ལོ་ལྟར་མི་ཁྲི་ ༢ ཙམ་མཆེ་དུག་སྨྱོ་ནད་ཀྱིས་འཆི་ཡི་ཡོད་པ་རེད།

མི་མང་པོ་ཞིག་གིས་འཁྱམ་ཁྱིའི་གནད་དོན་སེལ་དགོས་པའི་རེ་འབོད་བྱེད་ཀྱིན་ཡོད། ཁྱི་འདི་ཚོ་བསད་ན་དཀའ་ངལ་སེལ་ཐུབ་བམ། ངས་བལྟས་ན་བསལ་གྱི་མ་རེད། ངའི་གྲོགས་པོ་དང་སློབ་མ་ཚོ་དང་ལྷག་པར་དུ་༧སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་དང་ཁོང་གི་ཕྱག་རོགས་ཚོ། དེ་བཞིན་ལ་དྭགས་ས་གནས་དཔོན་རིགས་མཉམ་གོ་བསྡུར་རིམ་པར་བྱས་རྗེས་ནུས་པ་ལྡན་པའི་ཞིག་གོམ་སྟབས་ཤིག་ལ་འུར་ཉིད་དུ་སྤོ་དགོས་པའི་ངོས་འཛིན་བྱས་ཤིང་། བྱམས་བརྩེའི་འཚོ་བ་ (Live To Love) དང་། ས་གནས་གཞུང་དང་། མི་སྒེར། དེ་བཞིན་ཚོགས་པ་ཁག་བཅས་ཀྱི་ཞོར་འདེགས་འོག་༧སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་ནས་དབུ་འཁྲིད་གནང་ཐོག་འབྲུག་པ་གཞོན་ནུ་མཐུན་ཚོགས་སམ་ YDA ནས་མྱུར་སྐྱོབ་ལས་འགོ་བཙུགས་ཏེ་འཁྱམ་ཁྱི་ཚོར་ན་ཚ་སྔོན་འགོག་གི་ཁབ་བརྒྱབ་པ་དང་སྐྱེ་འགོག་བྱེད་པ་དང་དུད་འགྲོ་སྲུང་སྐྱོབ་ཁུལ་དུ་ཁྱི་བདག་མེད་གསོ་སྐྱོང་ཁང་ཞིག་ཨར་བསྐྲུན་བྱེད་འགོ་བཙུགས་རྒྱུ་རེད།

སང་ཉིན་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་༧སྐྱབས་རྗེ་ཐུགས་སྲས་རིན་པོ་མཆོག་ནས་ས་ཆ་དངོས་སུ་ YDA ཚོགས་མི་དབུ་ཁྲིད་དེ་ལ་དྭགས་ཁུལ་ང་ཚོའི་དུད་འགྲོ་སྲུང་སྐྱོབ་ར་བའི་རྩིག་རྨང་གདིང་གི་ཡོད་པས། སླད་མར་འཁྱམ་ཁྱི་ནས་འགོ་བཙུགས་ཏེ་སྲུང་སྐྱོབ་ར་བ་འདིའི་ནང་བཀོལ་ཉེས་བཏང་བ་དང་བདག་མེད་སྐྱུར་འཇོག་བྱས་པའི་དུད་འགྲོ་མང་པོ་སྲུང་སྐྱོབ་བལྟ་རྟོགས་ཐུབ་པའི་རེ་བ་ཡོད། ཤིང་འཛུགས་རྗེས་ལས་འཆར་འདི་ནི་ངའི་སྙིང་ལ་ཉེ་བའི་ལས་གཞི་ཞིག་ཡིན། ལས་འཆར་འདིའི་ཆེད་དཔལ་འབྱོར་འདུ་འགོད་བྱེད་བཞིན་ཡོད་ལ་ནང་ས་ཁུལ་གྱི་མི་མང་ནས་ས་རྒྱ་ཆེན་པོ་ཞིག་ཕུལ་ཡོད་པ་ལས་འཆར་འདིའི་ཆེད་བེད་སྤྱོད་བྱེད་རྒྱུ་ཡིན། ད་ལྟ་ཆུ་ཚོད་འགའ་ཞིག་ནང་ང་ཨ་རིར་འགྲོ་དགོས་སྟབས་མཛད་སྒོ་འདིར་དངོས་སུ་ཞུགས་མ་ཐུབ་པར་བློ་ཕམ་ཆེ་ལ་འདི་འབྲེལ་གནས་ཚུལ་མྱུར་ཐོས་ཡོང་བའི་ངང་སྒུག་བྱེད་བཞིན་ཡོད།


His Eminence Drukpa Thuksey Rinpoche and Padma Tashi, President of YDA Ladakh, studying the situation

མཐའ་དོན་ངའི་སློབ་ཕྲུག་བྱང་ཆུབ་ཀྱི་སེམས་དངོས་སུ་ལག་ལེན་བྱེད་འདོད་ཡོད་མཁན་ཀུན་ནས་དུད་འགྲོ་སྲུང་སྐྱོབ་ར་བ་འདི་བསྐྲུན་རྒྱུར་རྒྱབ་སྐྱོར་མཉམ་ཞུགས་བྱེད་པའི་རེ་བ་ཡོད། དཔེ་ཆ་མང་པོའི་ནང་བདག་ཅག་གི་སྟོན་པ་སྐུ་བལྟམས་པ། མངོན་པར་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་གྱི་ས་ག་ཟླ་བར་དགེ་བའི་ལས་གང་བྱས་འགྱུར་སྟོབས་ཆེ་བ་ཡོད་པར་གསུངས་ཡོད་པས། རྒྱུ་མཚན་འདི་དང་ལྷག་པར་ང་ཚོ་ཚང་མ་ནང་པ་ཡིན་པ་དང་བྱམས་སྙིང་རྗེ་ཉམས་ལེན་བྱེད་མཁན་ཡིན་སྟབས་ཚང་མ་མཉམ་རུབ་ཀྱིས་ལས་འཆར་འདི་མཉམ་དུ་བསྒྲུབ་དགོས། བྱམས་བརྩེའི་འཚོ་བའི་ (Live To Love) ངོས་ནས་འདི་དང་འབྲེལ་བའི་གནས་ཚུལ་ཆ་ཚང་དྲྭ་རྒྱའི་ཐོག་བཀོད་ཡོད་ན་དྲྭ་ཚིགས་འདིར་གཟིགས་རོགས། Live to Rescue.

You are here: མདུན་ངོས། གསར་གནས། ༢༠༡༤ གསར་མཛོད། བྱ་སྤྱོད་དངོས་ཀྱི་ཐོག་ནས་འདྲ་མཉམ་སྲུང་རྩི་ཞུ་བ།