༢༠༡༤ གསར་མཛོད།

རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུ།

༄༅། །རྒྱ་གར་གཞུང་གིས་དཔལ་ལྡན་འབྲུག་པའི་ཆོས་བརྒྱུད་རྗེས་དྲན་གྱི་སྦྲག་ཐམ་ཞིག་འགྲེམ་སྤེལ་བྱེད་རྒྱུ་ཡིན་གནས་ཐོས་པ་ནི་གློ་བུར་ཉམས་དགའ་སྣང་ཞིག་བྱུང་། ཡང་ངེད་རང་ངོས་ནས་སྦྲག་ཐོག་ཡི་གེ་མ་བཏང་བར་ལོ་བཅུ་ ཕྲག་ལྷག་ཕྱིན་སོང་བས་དེང་སང་མི་ག་ཚོད་ཙམ་ཞིག་གིས་སྦྲག་ཐོག་ཡི་གེ་གཏོང་གི་ཡོད་དམ་སྙམ་པའི་བསམ་བློ་ བྱབ་ཆུང་ཞིག་ཀྱང་འཁོར་བྱུང་། དྲྭ་རྒྱ་གསར་གཏོད་མ་བྱས་པའི་སྔ་རོལ་ལོ་ཉི་ཤུ་ཙམ་གྱི་གོང་དུ་ཡིན་ན་སྦྲག་ཐམ་ འདི་ཆུ་ཚོད་འགའ་ཤས་ནང་འགྲེམ་ཚོང་ཐུབ་ཡོད་སྲིད། སྦྲག་ཐམ་འདི་ལ་མང་མོས་ཆེན་པོ་ཡོང་བའི་རེ་བ་ཡོད། གང་ལྟར་ནའང་སྤྲོ་སེམས་འཁོལ་པོ་བྱུང་། བདག་ཅག་གི་སྟོན་པའི་དུས་ཆེན་གསུམ་འཛོམས་ཀྱི་དུས་ཚིགས་ཁྱད་ པར་ཅན་ཉིན་སྦྲག་ཐམ་འདི་འགྲེམ་སྤེལ་བྱས་པ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་རེད།

སྦྲག་ཐམ་འགྲེམ་སྤེལ་བྱས་པའི་ཉིན་ནས་བཟུང་ང་ལ་འཚམས་འདྲིའི་གནས་འཕྲིན་འབྱོར་མུས་ཡིན་ཅིང་། འཛམ་ གླིང་ཡུལ་གྲུ་གང་སར་ཡོད་པའི་ངོ་ཤེས་གྲོགས་པོ་གནས་ཡོད་རྣམས་ནས་དགའ་བསུའི་འཚམས་འཕྲིན་གཏོང་བཞིན་འདུག འདིས་ངའི་བདག་འཛིན་ཆེ་རུ་གཏོང་སྲིད་པས་ད་ལམ་གྱི་ཆེ་བསྟོད་འདི་ནི་རང་གི་ཆོས་བརྒྱུད་དང་བྱ་གཞག་ ཙམ་མ་ཟད་འཛམ་གླིང་ནང་འགྲོ་བ་མིའི་བདེ་རྩའི་ཆེད་ལས་ཀ་བྱེད་མཁན་ཚང་མར་ཆེ་མཐོང་བྱས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་འགྲོ་བ་མིའི་བདེ་རྩའི་ཆེད་ལས་ཀ་བྱེད་མཁན་ཀུན་དང་ལྷག་པར་དུ་རིག་གཞུང་ ཤུལ་བཞག་སྲུང་སྐྱོབ་ཆེད་ལས་ཀ་བྱེད་མཁན་ཚོར་ཆེ་མཐོང་བྱས་པ་ཞིག་རེད།

ང་ཚོའི་ཆོས་བརྒྱུད་འདི་བཞིན་ཧི་མ་ལ་ཡའི་རི་རྒྱུད་དུ་གཞི་རྟེན་ཡོད་ཅིང་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་ཡོད་པས་ངས་རང་གི་སློབ་མ་དང་གྲོགས་པོ་ཀུན་ལ་ད་ལམ་རྒྱ་གར་གཞུང་ནས་ཆེ་བསྟོད་བྱས་པ་དེར་ཐུགས་རྗེ་ཆེ་ཞུ་དགོས་ པའི་འབོད་སྐུལ་བྱེད་རཀྱི་ཡོད། འདི་ང་ཚོ་ཚང་མར་སེམས་ཅན་ཀུན་གྱི་བདེ་རྩའི་ཆེད་འབད་སྩོལ་མུ་མཐུད་བྱ་ དགོས་པའི་སེམས་སྐུལ་ཞིག་རེད། ངས་རང་གི་སྐྱེ་ཡུལ་དང་འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ རྒྱ་གར་འདི་ཉིད་ཞི་བདེ་དང་དར་རྒྱས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།

ཕྱོགས་མཚུངས་སྔ་ལོ་ང་ཚོའི་གོམ་འགྲུལ་གནས་སྐོར་དང་བསྟུན་ཤྲི་ལངྐ་གཞུང་ནས་ཀྱང་དྲན་རྟེན་གྱི་སྦྲག་ཐམ་ཞིག་འགྲེམ་སྤེལ་བྱས་ཡོད་པས། འདི་ཚོ་ཚང་མས་ང་ཚོ་སྤྱི་དང་ཡང་སྒོས་ང་རང་སྒེར་ལ་དུས་ཚོད་ཆུས་ཟོད་མ་བཏང་བར་ འབད་སྩོལ་མུ་མཐུད་བྱེད་དགོས་པའི་སེམས་སྐུལ་ཐེབས་ཀྱི་འདུག

You are here: མདུན་ངོས། གསར་གནས། ༢༠༡༤ གསར་མཛོད། རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུ།