༢༠༡༤ གསར་མཛོད།

རློམ་སེམས་ཅན་གྱི་འཚོ་བ།

༄༅། །སྲོལ་རྒྱུན་དང་དེང་དུས་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ནང་ལམ་ལྷོང་དང་ལམ་མ་ལྷོང་པའི་གནས་ཚུལ་གོ་རྒྱུ་ཡོད་ཅིང་། སྨན་གྱི་འཕེལ་རིམ་ནི་འགྲོ་བ་མིའི་རིགས་སྤོབས་པ་འོས་པ་ཞིག་རེད། བཅོས་ཐབས་དཀའ་བའི་ནད་ རིགས་དང་ནད་རིགས་གསར་པ་བཅོས་པའི་སྨན་གསར་པ་མང་པོ་ཞིག་གསར་བཟོ་བྱས་ཡོད་པ་རེད། སྨན་རིགས་ འཕེལ་འགྱུར་བྱུང་ཡོད་པ་ནང་བཞིན་ནད་འབུའི་རིགས་དང་ནད་གཞིའི་རིགས་ཀྱང་འཕེལ་འགྱུར་བྱུང་ཡོད་པ་རེད།

སྲོལ་རྒྱུན་དང་དེང་དུས་ཀྱི་སྨན་པ་རྣམས་ཀྱིས་ལུས་ཀྱི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་ལ་བལྟ་རྟོགས་བྱེད་པའི་དམ་བཅའ་ནི་ཡིད་སྨོན་འོས་བྱེད་འོས་པ་རེད། སུ་ཡང་ན་འདོད་མེད་ཅིང་ནད་ཀྱིས་མནར་ཟེར་བ་ནི་ལས་ ཀྱི་མཐའ་མ་ལྟ་བུ་རེད། ལུས་ཁམས་བདེ་པོ་མེད་ན་རང་ཉིད་འབྱོར་པ་ལྡན་པ་དང་། སྤྱང་གྲུང་འཛོམས་པ། འཇོན་ཐང་ཆེ་བ་སོགས་ཇི་ལྟར་ཡོད་ནའང་ཕན་ཐོག་མེད་པ་རེད། དེས་ན་སྤྱི་ཚོགས་ཚང་མའི་ནང་སྨན་པའི་རིགས་ ལ་བརྩི་མཐོང་ཆེན་པོ་བྱེད་པ་ཡིན།

ཉེ་བའི་ཆར་རང་གི་ཉམས་མྱོང་དང་ངོ་ཤེས་གྲོགས་པོ་འགའི་ཉམས་མྱོང་ལ་གཞིིགས་ན་སྨན་པ་དང་སྨན་ཁང་ཁ་ཅིག་གི་ཀུན་སློང་དྭོགས་གཞི་འོས་པ་རེད་འདུག སྨན་པ་དང་སྨན་ཁང་ཆ་ཅིག་ནས་ཚོང་གི་ཆེད་དུ་ངའི་གྲོགས་པོ་དང་སློབ་ མ་འགའ་ཞིག་ལ་དགོས་མེད་ཀྱི་བཤག་བཅོས་བྱེད་དུ་བཅུག་འདུག དེ་ཡང་སྨན་ཁང་གི་ཁེ་འབབ་ཆེ་ཐབས་དང་སྨན་ པ་ཚོའི་རྒྱས་སྤྲོས་ཅན་གྱི་འཚོ་བའི་ཆ་རྐྱེན་བསྒྲུབ་ཆེད་དོགས་མེད་ཀྱི་བཤག་བཅོས་བྱེད་རྒྱུ་དང་རིན་གོང་ཆེ་བའི་ སྨན་རིགས་ཉོ་དགོས་པའི་བསླབ་བྱ་བྱ་ཡི་་ཡོད་ཚོད་འདུག སྐྲན་ནད་དང་འབྲས་སྐྲན་གྱི་ནད་ཡོད་རིགས་ལ་བཤག་ བཅོས་སམ། རྫས་འགྱུར་བཅོས་ཐབས། ཟེར་སྲེག་བྱེད་དགོས་པའི་སློབ་སྟོན་བྱེད་ཅིང་། དུས་མཐར་ཐུག་པའི་ནད་ པར་རྫས་བཅོས་དང་ཟེར་སྲེག་ལས་སྨན་བཅོས་བྱ་ཐབས་གཞན་མེད་པ་ལྟ་བུ་ཡིན་ཅིང་། ནད་པ་དེ་ཚོའི་རིགས་མཐའ་ མ་སྨན་བཅོས་དེའི་ཞོར་གནོད་ཀྱིས་རྐྱེན་འདས་འགྲོ་བ་ཡིན། སྨན་དང་སྨན་བཅོས་ནོར་བའི་རྐྱེན་གྱིས་འཆི་སྐྱོན་ མང་པོ་ཡོང་གི་ཡོད་རེད།

དེང་དུས་ཀྱི་སྨན་བཅོས་ཕན་མེད་རེད་ཟེར་གྱི་མེད། སྨན་པ་དང་སྨན་ཁང་ཁ་ཅིག་གི་ཀུན་སློང་དྭོགས་གཞི་འོས་པ་ རེད། ཁོང་ཚོས་སྨན་བཅོས་ལམ་སྟོན་བྱས་པ་དེ་ནད་པའི་མཁོ་གནད་དང་བསྟུན་པ་ཞིག་ཡིན་ནམ་རང་ཉིད་ཀྱི་དགོས་ མཁོ་དང་བསྟུན་པ་ཞིག་ཡིན་དྭོགས་གཞི་རེད། སྨན་པ་དང་གསོ་བ་རིག་པའི་སློབ་ཕྲུག་རྣམས་ནས་ནད་པའི་མཁེ་ཕན་ ཡིད་ལ་གཙོ་བོར་འཛིན་དགོས།

ལས་གང་ཞིག་བྱེད་ནའང་ཀུན་སློང་ལ་ངེས་པར་བརྟག་དཔྱད་བྱེད་དགོས་པ་ཡིན། སྒེར་སེམས་ཅན་གྱི་ཀུན་སློང་ བཅངས་ནས་ལས་བཟང་པོ་ཞིག་བྱས་ནའང་རྗེས་འབྲས་གནོད་འཚེ་ཅན་འབྱུང་བ་ཡིན། སྨན་པ་དང་ཕྱོགས་མཚུངས་ ཆོས་སྟོན་མཁན་སློབ་དཔོན་རྣམ་པར་ཡང་རང་ལ་ཡིད་ཆེས་བྱེད་མཁན་ཚོའི་སེམས་རྒྱུད་བདེ་ཐང་ཡོང་བའི་འགན་ འཁུར་དགོས་པ་རེད། གལ་ཏེ་རྒྱུ་འབྲས་ལ་ཡིད་ཆེས་མེད་ན་གཞན་དོན་མེད་པའི་རང་འདོད་ཀྱི་ཚེ་འདིའི་འདུ་འགོད་ ཁོ་ནའི་ཆེད་གང་བྱུང་བྱས་ནའང་ཆོག་པ་རེད། བྱེད་སྟངས་འདི་ནི་སྤྱི་ཡིངས་ཀྱི་ཁྲིམས་སྲོལ་དང་འགལ་བ་ཞིག་རེད། སྤྱི་ཡོངས་ཀྱི་ཁྲིམས་སྲོལ་ནི་རྒྱུ་དང་འབྲས་བུའི་སྟེང་གཞི་བཅོལ་བ་ཞིག་ཡིན་ཅིང་། འདི་ནི་རང་གི་སྟངས་འཛིན་ ལས་འདས་པའི་རྙོག་འཛིངས་ཅན་གྱི་གནད་དོན་ཞིག་རེད། དཔེར་ན་སྐྱེ་བ་སྔོན་མ་གང་བྱས་ལ་ད་ལྟ་སྟངས་འཛིན་ བྱེད་ཐབས་མེད་པ་ཞིག་ཡིན་ལ། དྲན་རྟོགས་མེད་པའི་རྒྱུ་དེའི་རྣམ་སྨིན་འཇལ་བཞིན་དུས་འདའ་དགོས་ཡོང་ གི་ཡོད་རེད།

ལས་གང་བྱས་པ་དེ་གཞན་ཕན་གྱི་བློས་ཀུན་ནས་སླང་བ་ཞིག་དགོས་ལ་གཞན་ལ་བྱ་བ་བཟང་པོ་བྱེད་པའི་མིག་དཔེ་ ཡག་པོ་ཞིག་འཇོག་དགོས་པ་ཡིན། རང་འདོད་དང་རློམ་སེམས་སྟངས་འཛིན་བྱེད་རྒྱུ་དེ་ནི་དུས་ཚོད་གང་པོའི་ལས་ ཀ་ཞིག་རེད། ང་ཚོའི་སེམས་ནི་ཧ་ཅང་རྒོད་པོ་ཡིན། སེམས་འཆོལ་བ་ཟེར་བའི་ཚིག་དེ་ལ་གོ་རྒྱུ་ཡོད་རེད། གང་ཡིན་ཟེར་ན་འདོད་པ་མེ་ལྟར་འབར་བའི་དབང་དུ་ཤོར་དུས་ང་ཚོའི་སེམས་དེ་འཆོལ་འགྲོ་ཡི་ཡོད་རེད།

ལས་གང་ཞིག་བྱེད་ནའང་བསམ་བློ་གཏོང་བཞིན་གང་བྱས་པ་དེ་རང་འདོད་རེད་འདུག་གམ་གཞན་དོན་རེད་འདུག་ ཡང་ཡང་བརྟགས་དཔྱད་བྱེད་དགོས་པ་རེད། ལས་དེའི་རྗེས་འབྲས་ཇི་བྱུང་ཁས་ལེན་ཐུབ་པ་འདུག་གམ། མི་ཚེ་ནི་ རྩོད་ལེན་གྱི་རང་བཞིན་ཅན་ཞིག་ཡིན། ཕྱིའི་རྐྱེན་གྱི་དཀའ་ངལ་ཆེ་ལ་རང་གི་སེམས་བཅུན་རྒྱུ་ནི་དེ་བས་དཀའ་ངལ་ ཆེ་བ་ཡིན། རང་གི་སེམས་ལམ་ཐོག་འཇོག་ཐུབ་ན་མི་ཚེ་ལམ་ལྷོང་དང་དོན་སྙིང་ལྡན་པ་ཞིག་ཡོང་གི་རེད།།

You are here: མདུན་ངོས། གསར་གནས། ༢༠༡༤ གསར་མཛོད། རློམ་སེམས་ཅན་གྱི་འཚོ་བ།