༢༠༡༤ གསར་མཛོད།

ལམ་བཞི་མདོ་དང་། ལམ་མདོ། ལམ་མདོའི་སྐོར་ལམ།

༄༅། །ང་ཚོ་གཞོན་དུས་ང་ཚོར་ཉེན་ཁར་ཇི་མི་སྙམ་པའི་བློ་ཁོག་ཡོད་ཅིང་། ལམ་བཞི་མདོ་དང་། ལམ་མདོ། ལམ་མདོའི་སྐོར་ལམ་ལ་དེ་ཙམ་གནད་འགག་མི་བརྩི་བ་ཡིན། གང་ཡིན་ཟེར་ན་ཁ་ཕྱོགས་ནོར་ན་ཁ་སྐོར་ཏེ་ཡོང་ རྒྱུའམ་ལམ་གཞན་ཞིག་འཚོལ་ཐུབ་རྒྱུའི་གདེངས་སྤོབས་ཡོད་པ་རེད། འོན་ཀྱང་ལོ་རྒས་རིམ་བཞིན་ང་ཚོ་དོགས་ ཟོན་ཆེ་རུ་འགྲོ་བ་དང་། འཆར་འགོད་བྱེད་ཅིང་ལས་དོན་བསམ་པ་བཞིན་མ་འགྲུབ་ན་དེ་མུར་བློ་ཞུམ་འགྲོ་བ་ཡིན། ལོ་རྒན་གཞོན་ལ་མ་ལྟོས་པར་མི་འགའ་ཞིག་བློ་ཁོག་ཆེ་བ་དང་འགའ་ཞིག་རང་བཞིན་གྱིས་བག་ཟོན་ཆེ་བ་ཡོད་པ་ རེད། ཡང་འགའ་ཞིག་ནི་རང་གི་འཆར་གཞི་གཞི་བཟུང་འགྲོ་དགོས་པ་ལས་སྐོར་ཀྱོག་ཕྲན་ཙམ་ཡང་བྱེད་མི་བཟོད་ པས་ན་དུས་ཚོད་བརྒྱ་ཆ་ ༩༠ འཆར་གཞི་གླིང་རྒྱུའི་ཐོག་དང་འཆར་གཞི་ལམ་དུ་འགྲོ་མིན་ཐོག་གཏོང་ཞིང་། དུས་ཚོད་བརྒྱ་ཆ་ ༡༠ ལག་ལེན་ཐོག་གཏོང་གི་ཡོད་པ་རེད། དེ་མ་འགྲིག་པ་གང་ཡང་མ་རེད། སྒེར་སོ་སོའི་འདམ་ག་རེད།

ང་ནི་དེའི་ལྡོག་ཕྱོགས་ཡིན། ང་རང་སྒེར་ངོས་ནས་འཆར་གཞི་འདིང་གི་མེད་ལ་བྱེད་སྒོ་རྣམས་འབྲེལ་ཆགས་ལྟར་ བྱེད་ཀྱི་ཡོད། སྐབས་རེ་གྲ་མ་འགྲིག་ཕྲན་བུ་ཡོང་གི་ཡོད་ན་ཡང་ཕལ་ཆེ་བར་གྲུབ་འབྲས་བསམ་པ་ལས་ལྷག་པ་ ཡོང་གི་འདུག་ཅེས་སྤོབས་པའི་ངང་བརྗོད་ཆོག ངས་རྒྱུན་དུ་བརྗོད་པ་བཞིན་བྱེད་སྟངས་ཤེས་ན་མི་ཚེའི་ནང་འགྲུབ་ སྲིད་པ་ཇི་སྙེད་ཅིག་ཡོད། ཡང་དེ་དང་ཕྱོགས་མཚུངས་སུ་ངའི་གྲོགས་པོ་དང་ལས་རོགས་ལས་འཆར་འདིང་མཁས་ པ་དེ་ཚོར་རྗེས་སུ་ཡི་རང་ཡོད་ཅིང་། ཁོང་ཚོའི་རྩལ་ནུས་དེ་འདྲ་དང་ཆུང་དུས་སྦྱོང་བརྡར་ཞིག་བྱུང་ཡོད་ན་སྙམ། དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་མི་རེ་ངོ་རེར་བལྟས་ན་ང་ཚོས་འགྲུལ་བཞུད་མང་པོ་བྱེད་ཀྱི་ཡོད་ཅིང་ཉིན་ལྟར་ལམ་བཞི་མདོ་དང་ལམ་མདོ། ལམ་མདོའི་སྐོར་ཀྱོག་ཅིག་ལ་བསླེབས་ཀྱི་ཡོད་པ་དང་རང་གི་ཉམས་མྱོང་། རེ་འདོད་དང་གདེང་ཚོད་ལ་དཔག་པའི་ཐག་གཅོད་གཞི་བཟུང་ལམ་ལོགས་དགར་ཞིག་གི་ཐོག་བསྐྱོད་ཀྱི་ཡོད་པ་རེད། སྐབས་རེ་ང་ཚོ་ལམ་ཐུག་རྒྱག་པ་དང་། སྐབས་རེ་ལམ་ཐ་དད་ཐོག་བསྐྱོད་ཀྱི་ཡོད། ལམ་བཞི་མདོ་ཞིག་གམ། ལམ་མདོའམ། ལམ་མདོའི་སྐོར་ཀྱོག་ཏུ་ཐུག་ནས་ཕན་ཚུན་འཚམས་འདྲི་བྱེད་ཅིང་མཉམ་དུ་བསྐྱོད་པའམ། ཡང་ན་ ཕྱོགས་སོ་སོར་གྱེས་པ་ཡིན། འདི་ལ་ལས་དང་རྐྱེན་ཟེར་བ་དེ་རེད།

རང་གི་རིག་ཤེས་དང་གཞན་གྱི་བསླབ་བྱ་གཞི་བཟུང་ང་ཚོས་ཐག་གཅོད་བྱེད་ཀྱི་ཡོད་སྟབས་ལམ་ལ་འགྲུལ་བཞིན་ སྐབས་རེ་འགལ་འཛོལ་ཡང་ཡོང་གི་ཡོད། གང་ལྟར་ཡང་རང་གི་འགྲོ་ཡུལ་རང་གིས་ཐག་བཅད་ཀྱི་ཡོད་པ་རེད། ལམ་གང་ཞིག་ཏུ་ཞུགས་ནའང་རང་གི་ཀུན་སློང་དེ་གནོད་འཚེ་ཅན་ཞིག་ཡིན་དང་གནོད་འཚེ་མེད་པ་ཞིག་ཡིན་བརྟག་དགོས་རྒྱུ་གལ་ཆེན་པོ་རེད། གནོད་སེམས་ཅན་གྱི་ལས་ཅི་ཞིག་བྱས་པ་ཡིན་ནའང་མཐར་ཐུག་སྦྱོར་བ་རྩུབ་པ་རང་ ཉིད་ལ་ཡོང་བ་རེད། བྱང་ཆུབ་སེམས་དཔའ་ཆེན་པོ་ལྟ་བུའི་གཞན་ཕན་གྱི་བློ་མེད་ནའང་གཞན་ལ་གནོད་འཚེ་བྱེད་ རྒྱུའི་ཀུན་སློང་དེ་མེད་པ་བྱེད་རྒྱུ་གལ་ཆེན་པོ་རེད། རང་གི་ཀུན་སློང་ལ་ཉིན་ཞག་དུས་དྲུག་ཏུ་དྲན་ཤེས་དགོས་པ་རེད། དྲན་ཤེས་ཀྱི་དེད་དཔོན་འདི་ཡིས་ང་ཚོ་ལམ་ཡང་དག་གི་སྟེང་འཇོག་གི་རེད།

རང་གི་ཐག་གཅོད་ཀྱི་རྗེས་འབྲས་ཇི་བྱུང་དེ་ཉམས་མྱོང་སློབ་གསོར་རྩིས་ཏེ་རང་གི་ཀུན་སློང་དང་བྱ་སྤྱོད་བཅོས་ བསྒྱུར་དང་ཡོ་བསྲང་བྱེད་དགོས་པ་ཡིན། ཆོས་ཕྱོགས་ནས་བཤད་ན་མི་ཚེ་བསྐྱེལ་སྟངས་དེ་རང་ཆོས་ཉམས་ ལེན་ཡིན།

ང་བི་ཌི་ནམ་ཡུལ་དུ་བསླེབས་ཏེ་བདུན་ཕྲག་ཅིག་ཕྱིན་པ་དང་།རྒྱལ་ས་ཧེ་ནོ་ཡེ་ནས་ཧོ་ཅི་མིན་གྲོང་ཁྱེར་བར་གྱི་འགྲུལ་ བཞུད་དེ་སྤྲོ་སྐྱིད་ལྡན་པ་ཞིག་བྱུང་།གོ་སྒྲིག་བྱེད་པོ་དང་།དྭང་བླངས་ཞབས་ཞུ་བ། དེ་བཞིན་སྦྱིན་བདག་རྣམས་ཀྱི་ སྒེར་སེམས་མེད་པའི་ཀུན་སློང་དང་། ལས་འཆར་འགོད་སྟངས། ལག་ལེན་བསྟར་སྟངས་བཅས་ལ་གཞིགས་ཚེ་རྒྱལ་ ཁབ་འདིའི་ནང་མ་འོངས་པར་ཆོས་ཀྱི་མདུན་ལམ་བཟང་པོ་མཐོང་གི་འདུག གྲུབ་འབྲས་ཀྱང་གསལ་པོ་རེད། ང་འདིར་ཡོང་དོན་ཡང་ས་གནས་སུ་ཆོས་ཀྱི་བྱེད་སྒོར་རམ་འདེགས་དང་བི་ཌི་ནམ་མི་མང་ལ་ཕན་སེམས་ཀྱིས་ཡོང་བ་ཡིན་པས་འདི་གཉིས་འགྲུབ་ན་ངའི་རེ་དོན་འགྲུབ་པ་རེད། བི་ཌི་ནམ་ཡུལ་གྱི་ཆོས་ཀྱི་སློབ་དཔོན་དང་ཆོས་བྱེད་ ཀུན་ནས་སྟོན་པ་སངས་རྒྱས་ཀྱི་དུས་ནས་རིམ་བཞིན་དར་བའི་ཆོས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་པར་ཡི་རང་ བསྔགས་བརྗོད་བྱེད་རྒྱུ་ཡིན། ཆོས་ཉམས་སུ་བླང་ན་ཆོས་ཀྱི་སྲོལ་རྒྱུན་གསོན་གནས་ཐུབ་པ་ཡིན། ང་ཚོས་ཆོས་ལུགས་གང་ཞིག་ལ་ཞུགས་པ་ཡིན་ནའང་སེམས་ཅན་ལ་ཕན་སེམས་དེ་བརྟན་པོར་གནས་པའི་སྨོན་ལམ་འདེབས་རྒྱུ་ཡིན།།

You are here: མདུན་ངོས། གསར་གནས། ༢༠༡༤ གསར་མཛོད། ལམ་བཞི་མདོ་དང་། ལམ་མདོ། ལམ་མདོའི་སྐོར་ལམ།