༢༠༡༣ གསར་མཛོད།

ཡི་རང་བྱེད་པ་ནི་རང་གཤིས་དང་གོམ་གང་ཉེ་བ་ཡིན།

༄༅། །ང་ཚོ་མང་པོས་རང་གི་ཁྱིམ་ཚང་ནང་དང་། གྲོགས་པོ་དང་། ལས་རོགས་བཅས་མཉམ་འབྲེལ་བ་བཟང་པོ་འཇོག་དགོས་པར་ཤོད་ཀྱི་ཡོད་རེད། འབྲེལ་བ་བཟང་པོ་དེ་གང་མཚམས་ཤིག་བར་སྐྱོང་ཐུབ་ཅིང་དེ་ནས་མུ་མཐུད་རྒྱུར་དཀའ་ངལ་ཡོང་སྲིད་པ་རེད། ཐོག་མར་ཕ་རོལ་པའི་ཡོན་ཏན་མཐོང་ནས་གྲོགས་པོར་གྱུར་ཅིང་། ངེད་གཉིས་གྲོགས་པོར་གྱུར་བ་འདི་བཟང་འདུག་སྙམ་པའི་ཚོར་བ་ཞིག་སྐྱེ་བ་ཡིན། བློ་ཉེ་པོ་ཆགས་ནས་གང་མཚམས་ཤིག་ལ་རང་གི་སེམས་ཚོར་དེ་བར་ལ་ཞུགས་ཡོང་བ་རེད། འདི་འདྲ་བཟའ་ཚང་བར་ལ་ཡོང་བ་ཡིན་ལ། བླ་སློབ་བར་དང་ཆོས་གྲོགས་བར་ལའང་ཡོང་བ་ཡིན། ངའི་མཐོང་སྣང་ལ་བར་ཆད་གཙོ་བོ་ཞིག་ནི་ཡི་རང་མེད་པ་དང་གོ་རྟོགས་མེད་པ་དེ་ཡིན་པར་སེམས། རྗེས་སུ་ཡི་རང་ཡང་དག་བྱེད་རྒྱུ་དེ་ནི་གོ་རྟོགས་སྤེལ་བའི་ཐབས་ཤིག་ཡིན་པས། དེ་ནི་བློ་མུན་སངས་པའི་གོམ་པ་ཆུང་ངུ་ཞིག་དང་། རང་གཤིས་དང་ཉེ་བའི་གོམ་སྟབས་ཤིག་ཡིན་ཟེར་ནའང་ཆོག

ང་ནི་རང་གི་བླ་མ་དང་། མཆེད་གྲོགས། སློབ་མ་དང་གྲོགས་པོ་ཕལ་ཆེ་བ་བཅས་མཉམ་འབྲེལ་བ་བཟང་པོ་འཇོག་ཐུབ་པའི་སྐལ་བ་བཟང་པོ་བྱུང་། ཉེས་སྐྱོན་གྱིས་མ་གོས་པ་མིན་ཙང་ང་ལ་ཡང་མཛའ་འབྲེལ་ལ་དོ་ཕོག་གི་དཀའ་ངལ་དེ་འཕྲད་ཀྱི་ཡོད། ངས་འཚེ་བ་མེད་པའི་ཀུན་སློང་དང་ལྷག་བསམ་རྣམ་དག་ངང་མཛའ་འབྲེལ་ཡོད་པ་རྣམས་གང་ཐུབ་སྐྱོང་ཐབས་བྱེད་ཀྱི་ཡོད། རྗེས་སུ་ཡི་རང་དང་མཉམ་དུ་འཚེ་བ་མེད་པའི་ཀུན་སློང་དགོས་རྒྱུ་གལ་ཆེན་པོ་རེད། ཡང་སྐབས་རེ་རྗེས་སུ་ཡི་རང་ཡོད་ཟེར་དུས་རང་གི་ཀུན་སློང་ཡང་དག་ཡིན་ནམ་བཅོས་མ་ཡིན་ལ་ངེས་པར་བརྟག་དགོས་ཀྱི་རེད། ཀུན་སློང་ངན་པ་ཡིན་ན་བྱ་བ་བཟང་པོའང་ངན་པར་འགྱུར་བ་ཡིན། དེས་ན་ང་ཚོས་རང་གི་ཀུན་སློང་ལ་རྒྱུན་དུ་བརྟགས་དཔྱད་བྱེད་དགོས།

ང་ལོ་ན་བཅུ་ཐོག་སྐབས་ནས་འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་ཞལ་འཚོར་གྱི་ཡོད། ངའི་རྩ་བའི་བླ་མ་༧སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་དམ་པ་ཞལ་བཞུགས་སྐབས་༧སྐྱབས་མགོན་རིན་པོ་ཆེ་རྡོ་རྗེ་གླིང་དང་ལ་དྭགས་སུ་ང་ཚོའི་སར་ཡང་ཡང་ཕེབས་ཀྱི་ཡོད། ངེད་གཉིས་བླ་མ་གཅིག་གི་སྐུ་མདུན་ནས་བཀའ་ཆོས་ཞུས་པ་དང་ཐོག་གཅིག་གི་འོག་ཏུ་ཉམས་ལེན་བྱས་ནས་བསྡད་མྱོང་བ་རེད། གུང་ལོའི་ཆ་ནས་ཁོང་སྐུ་བགྲེས་པ་ཡིན་སྟབས་ངས་གཅེན་པོའི་འདུ་ཤེས་འཛིན་གྱི་ཡོད། བར་སེང་སྐབས་ང་ཚོ་རྐང་རྩེད་པོ་ལོ་དང་ཕི་རིས་བྷི་(frisbee) རྩེ་བ་དང་རྟ་བཞོན་པ་སོགས་བྱེད་མྱོང་། རང་རང་སོ་སོའི་ཆོས་བརྒྱུད་ལ་དཀའ་ངལ་འདྲ་མིན་འཕྲད་བཞིན་ནའང་༧སྐྱབས་མགོན་རིན་པོ་ཆེ་ནི་ཐུགས་སེམས་བཟང་ཞིང་བྱམས་བརྩེ་ཆེན་པོས་ང་ལ་རྒྱུན་དུ་རྒྱབ་སྐྱོར་གནང་གི་ཡོད། མཛད་བྲེལ་གྱིས་རྐྱེན་པས་ཉེ་ལམ་བར་ལོ་མང་ཞིག་ལ་ངེད་གཉིས་ལྷོད་མཇལ་བྱེད་རྒྱུའི་གོ་སྐབས་མ་བྱུང་། དོན་བརྒྱུད་དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་ ༥ པའི་སྐབས་༧སྐྱབས་མགོན་འབྲི་གུང་ཆེ་ཚང་རིན་པོ་མཆོག་ཆིབས་བསྒྱུར་གནང་བ་དེ་ནི་ལོ་འཁོར་ལྷན་འཛོམས་ཀྱི་ཁྱད་ཆོས་མངོན་དོད་དེ་ཡིན་པར་ང་སྒེར་གྱིས་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ནས་ལ་དྭགས་སྐད་ཐོག་གསུང་བཤད་གནང་ཞིང་ཁོང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པས་སྐད་རིགས་གང་གིས་ཐོག་གནང་ནའང་གསུང་ཐོག་པ་མེད། ལོ་གཅིག་ཙམ་གོང་ཁོང་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་ལ་ཕྲན་རང་བློ་ཚབས་ཆེན་པོ་བྱུང་། ད་ལོ་ལ་དྭགས་སུ་ཁོང་དངོས་སུ་ལྷོད་མཇལ་བྱུང་ཞིང་སྐུ་ཁམས་གསལ་ཐང་འདུག་པར་དགའ་སྤྲོ་དཔག་མེད་བྱུང་། ད་ཆ་ངེད་གཉིས་རྐང་རྩེད་པོ་ལོ་དང་ཕི་རིས་བྷི་frisbee)རྩེ་ཐུབ་མིན་མི་ཤེས། རིན་པོ་ཆེ་སྐུ་ཤ་འབྱོར་པོ་གནང་འདུག་ཅིང་ང་ཡང་ཤ་རྒྱགས་ཐོག་ལོ་ན་གཞོན་གཞོན་མིན་སྟབས་མགྱོགས་པོ་བརྒྱུག་ཐུབ་མདོག་ཁ་པོ་མ་རེད། ངེད་གཉིས་ངེས་པར་ལུས་སྦྱོང་དང་ཆུ་རྐྱལ་རྒྱག་པ་སོགས་བྱས་ནས་ལུས་ཤ་སྐམ་དུ་བཏང་ནས་མཉམ་དུ་དགུང་སེང་འགྲོ་རྒྱུའི་གྲ་སྒྲིག་བྱེད་དགོས་འདུག །༧སྐྱབས་མགོན་ཆེ་ཚང་ཪིན་པོ་ཆེ་མཆོག་ནས་ཕྲན་པར་ཁོང་ལྷན་ལ་དྭགས་སུ་དགུང་སེང་འགྲོ་དགོས་ཀྱི་མགྲོན་འབོད་གནང་བྱུང་བས་རིང་མིན་ངེད་གཉིས་རྟ་བཞོན་པ་དང་བང་རྒྱུག་གཏོང་བ་སོགས་ཏན་ཏན་བྱེད་ཀྱི་རེད་ན། ངས་རང་གི་ཆོས་སྤུན་ལྷན་དུས་ཚོད་བཟང་པོ་འདའ་རྒྱུ་ཡོང་བའི་རེ་སེམས་འཆང་བཞིན་ཡོད།


His Holiness Drikung Kyabgon was our chief guest at the 5th ADC


A Group Photo at the 5th ADC

You are here: མདུན་ངོས། གསར་གནས། ༢༠༡༣ གསར་མཛོད། ཡི་རང་བྱེད་པ་ནི་རང་གཤིས་དང་གོམ་གང་ཉེ་བ་ཡིན།