༢༠༡༣ གསར་མཛོད།

ཡོངས་ཁྱབ་གཉིས་མེད།

༄༅། །དེང་སང་དཔལ་འབྱོར་དང་དབང་གིས་ལམ་ལྷོང་ངེས་བཤད་བྱེད་པ་རེད། འཛམ་གླིང་ནང་བརྩེ་དུང་ངོ་མ་ཡོད་མ་རེད་ཟེར་ནའང་ཆོག་པ་ལྟ་བུ་རེད། ངའི་ཉེ་བའི་གྲོགས་པོ་ཚོས་ང་ལ་ཁྱོད་ཡིད་སྐྱོ་སྣང་ཅན་ཞིག་འདུག་ཅེས་བརྗོད་ཀྱི་འདུག དེང་སང་འཛམ་གླིང་གི་འགྲོ་སྟངས་ལ་གོ་རྟོགས་ཕྲན་བུ་ཐོབ་ན་ཡིད་མ་སྐྱོ་བ་མི་སྲིད་པ་ལྟ་བུ་རེད། དཔེར་ན། རང་གི་ཁེ་ཕན་ཆེད་གཞན་གྱི་སྲོག་གཅོད་པ་དང་། གཞན་ལ་དམའ་འབེབས་གཏོང་བ་དང་དབང་ ཡོད་ཤོད་པ། རང་ལ་མ་བདག་པ་བདག་ཏུ་བཟུང་བ་སོགས་ཀྱི་བྱེད་སྟངས་འདི་ཚོ་སེམས་ཁྲལ་ བྱེད་འོས་པ་ཞིག་རེད། དཔལ་འབྱོར་དང་སྟོབས་གཉིས་ཡོད་ན་འཛམ་གླིང་གིས་ལམ་ལྷོང་ཅན་ལ་ ངོས་འཛིན་བྱེད་ཀྱི་ཡོད་སྟབས་དེ་གཉིས་ཐོབ་ཆེད་ཅི་ཡང་བྱེད་ཀྱི་ཡོད་རེད།

དོ་སྙོམ་པོར་གནས་ཐུབ་ན་རྒྱུ་དངོས་པོའི་ཐོག་ནས་ལམ་ལྷོང་དེར་འགལ་བ་ཅི་ཡང་མཐོང་གི་མི་ འདུག འདོད་པའི་རྗེས་སུ་འབྲང་ཞིང་། འདོད་པའི་དབང་འོག་ཏུ་འཚུད་ནས་དགོས་པ་ལས་ལྷག་ ཐོབ་ཐབས་བྱེད་རྒྱུ་དེ་ང་ཚོ་འཁོར་བའི་སེམས་ཅན་གྱི་སྐྱོན་ཆ་རེད། འདོད་པས་ང་ཚོའི་མི་ཚེ་ དབང་བསྒྱུར་བྱས་ན་བདེ་བ་ནམ་ཡང་ཐོབ་ཐབས་མེད། རྒྱུ་དངོས་པའི་ཆ་ནས་ལམ་ལྷོང་ཕྲན་ཙམ་ ཐོབ་མ་ཐག་དེ་བས་མང་བ་ཞིག་འདོད་པ་བྱེད་པ་དང་། གང་མཚམས་ཤིག་ནས་རང་དོན་ལ་བར་ གཅོད་བྱེད་མཁན་གྱི་མི་དང་རྐྱེན་རྩ་མེད་བཟོ་ཐབས་བྱེད་ཅིང་། དངོས་པོའི་ལམ་ལྷོང་གི་འདོད་ པ་དག་སྐྱེལ་བྱེད་ཆེད་སྙད་འདོགས་ཅི་ཡང་བྱེད་པ་རེད།

དཔེར་ན། རང་ཉིད་འཚོ་གནས་ཆེད་སེམས་ཅན་གཞན་ངེས་པར་དུ་བཟའ་དགོས་པ་ཡིན་ནམ། དེ་མི་དགོས། འོན་ཀྱང་ང་ཚོས་ཟས་དང་སྤྲོ་ཉམས། རྒྱས་སྤྲོས་སོགས་འདོད་མོས་ཆོ་མེད་དེ་ འདྲའི་ཆེད་སེམས་ཅན་མང་པོ་གསོད་ཀྱི་ཡོད་རེད། དེ་གང་ཡིན་ཟེར་ན་ང་ཚོར་གང་ཡོད་པ་དེས་ འདོད་པ་མི་ཁེངས་པར་དེ་བས་མང་བ་དགོས་ཀྱི་ཡོད་རེད།

རྒྱལ་ཁབ་གཅིག་གམ། ཡུལ་ལྗོངས་ཤིག མི་སྒེར་གཅིག་གང་གི་ཆ་ནས་བལྟས་ནའང་རང་ལ་ཡོད་པ་དེས་འདོད་པ་ཁེངས་ཀྱི་མེད་པ་རེད། དེས་ན་རང་ལ་མ་བདག་པའི་གཞན་གྱི་ས་ཁང་དང་། སྲོག །ཐོན་ཁུངས་སོགས་བདག་གིར་བྱེད་ཅིང་། འདིས་རྐྱེན་པས་དམག་དང་འཁྲུག་རྩོད་འབྱུང་བ་ཡིན། རང་གི་འདོད་པ་དང་བདེ་སྡུག་མ་གཏོགས་བསམ་རྒྱུ་མེད་སྟབས་གཞན་ལའང་མྱོང་འཚོར་དེ་འདྲ་བ་གཅིག་མཚུངས་ཡོད་པའི་ཡོངས་ཁྱབ་ཀྱི་བློ་དེ་རང་རྒྱུད་ལ་ཤར་ཐུབ་ཀྱི་མེད།

སྒེར་གྱི་བདེ་སྐྱིད་དང་། འཛམ་གླིང་ཞི་བདེ། ཡོངས་ཁྱབ་ཞི་མཐུན་དགོས་ན་ཡོངས་ཁྱབ་གཉིས་མེད་ཀྱི་དོན་དེ་རྟོགས་དགོས་རྒྱུ་འགངས་ཆེན་ཡིན། གཞན་ལ་དངོས་འབྲེལ་ཕན་པ་བསྐྲུན་པ་དང་གནོད་འཚེ་སྤོང་བ་ནི་ལག་ལེན་འགོ་འཛུགས་ས་ཡག་པོ་ཞིག་རེད། འགོ་ཆུང་ཆུང་ཞིག་ནས་བཙུགས་ཏེ་རིམ་པས་གོང་སྤེལ་བྱས་ཆོག

དཔེར་ན། གྲོག་མ་དང་སྦྲང་མ་ལྟ་བུའི་འབུ་སྲིན་ཆུང་ངུ་ནས་ཞེ་སུན་བཟོ་བའི་ཞུ་ལུ་མ་ལྟ་བུ་གཏན་ནས་མི་གསོད་པའི་འབད་བརྩོན་བྱས་ན་རིམ་བཞིན་བཟོད་སྒོམ་སྦྱང་ནས་སེམས་ཅན་ཆུང་ངུའི་རིགས་ལ་བྱམས་བརྩེ་བྱེད་ནུས་པ་ཡོང་བ་ཡིན། ང་ཚོ་འགྲོ་བ་མིས་སེམས་ཅན་གཞན་གསོད་ཀྱིན་བསྡད་ན་གང་མཚམས་ཞིག་ནས་སྲོག་གཅོད་རྒྱུར་ལོབ་ནས་མི་གསོད་པ་ལའང་སྣང་དག་མི་གཏོང་བ་ཞིག་ཆགས་ཏེ་སྲོག་གཅོད་བྱེད་རྒྱུ་དེ་རྒྱ་ཆེ་རུ་ཆེ་རུ་འགྲོ་ཉེན་ཆེ་ཞིང་། བཏང་འཛིན་དང་འདུལ་སྦྱོང་མེད་པར་འདོད་པའི་དབང་དུ་ཚུད་པའི་གོམས་གཤིས་ངན་པ་དེ་རིམ་པས་གཤིས་ངན་ཚབས་ཆེན་ཞིག་ལ་འགྱུར་གྱི་རེད། དེ་རིང་སྒོར་མོ་གཅིག་བརྐུས་རྗེས་སང་ཉིན་འཕྲོག་བཅོམ་བྱེད་སྲིད་པ་རེད། དེ་བཞིན་དུ་བཟང་པོའི་སྤྱོད་པའང་འགོ་ཆུང་ཆུང་ཞིག་ནས་བཙུགས་ཏེ་སྦྱང་ན་བཟང་པོའི་གཤིས་ཀ་དེ་རིམ་བཞིན་འཕེལ་གྱི་རེད།

མི་མང་པོ་ཞིག་གིས་མིའི་རིགས་ལ་བྱམས་སྙིང་རྗེ་དགོས་ལུགས་བརྗོད་དེ་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་ཀྱང་། སེམས་ཅན་གཞན་གྱི་སྡུག་བསྔལ་ནི་བརྒྱ་བསྒྱུར་སྟོང་བསྒྱུར་གྱིས་ཚབས་ཆེ་ལ་རོགས་སྐྱོར་ཡང་ཉིང་ཤས་ལས་ཐོབ་ཀྱི་མེད་པ་རེད། མིའི་རིགས་ཀྱི་ཚུལ་མིན་གྱི་བྱ་སྤྱོད་འདི་རིགས་ནམ་མཐོང་ནའང་བློ་ཕམ་ཧ་ཅང་ཆེན་པོ་ཡོང་གི་འདུག འདིའི་སྐོར་ངས་ཡང་ཡང་བཤད་ཡོད་ལ་མིག་དཔེ་ཆུང་ངུ་ཞིག་སྟོན་ཐབས་ཀྱང་བྱས་ཡོད། འོན་ཀྱང་ཡར་རྒྱས་ཡོང་གི་མི་འདུག ང་ཚོས་མི་རྣམས་ལ་འཛམ་གླིང་འདིའི་ནང་སེམས་ཅན་ཐམས་ཅད་ང་དང་ཁྱེད་རང་ལྟ་བུ་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་གོ་བསྐོན་གསེད་གྲོལ་ཡོང་བའི་འབད་རྩོལ་བྱེད་དགོས། ཤིང་སྡོང་དང་མེ་ཏོག རྩ་དང་ཆུ། གངས་རི་དང་རླུང་སོགས་ཚང་མའི་འདོད་ཚུལ་གཅིག་པ་རེད། འོ་མ་ཅན་གྱི་སྲོག་ཆགས་དང་། ཉ། ས་ཆུ་གཉིས་སྤྱོད་ཀྱི་སེམས་ཅན། འབུ་སྲིན། ཚིགས་རིམ་ཅན་གྱི་སྲོག་ཆགས་སོགས་ཚང་མའི་འདོད་ཚུལ་གཅིག་པ་རེད། གནད་དོན་འདི་མ་རྟོགས་ན་ཡོངས་ཁྱབ་བདེ་སྐྱིད་ཡོང་ཐབས་མེད། ཁང་མིག་གཅིག་ནང་ཁྱེད་རང་མཉམ་དུ་སྡོད་ མཁན་ཚང་མ་སྐྱིད་པོ་མེད་ན་ཁྱེད་རང་གཅིག་པུ་སྐྱིད་པོ་ཡོང་སྲིད་དམ། གནས་སྐབས་རིང་ཡོང་སྲིད་ཀྱང་གཏན་དུ་སྐྱིད་པོ་ཡོད་ཐབས་མེད། ང་ཚོ་མིའི་རིགས་ལ་ཡོངས་ཁྱབ་བྱམས་སྙིང་རྗེ་འབྱོང་བའི་ནུས་པ་ཆེན་པོ་ཡོད། ང་ཚོ་འཛམ་གླིང་འདིའི་རྒྱལ་པོ་ལྟ་བུ་ཡིན་སྟབས་གཞན་ཕན་བསྒྲུབ་པའི་ལས་འགན་ཆེན་པོ་ཡོད་པ་ཡིན། ང་རང་ཚོ་གཙོས་པའི་སེམས་ཅན་ཐམས་ཅད་འཁོར་བའི་ནང་ཡོད་པ་དེ་ངེས་པར་ཤེས་དགོས་པ་ཡིན། མདོར་ན། ང་ཚོ་ཚང་མ་ཀོ་གྲུ་གཅིག་ནང་ཡོད་པས་གནས་སྟངས་གཅིག་པ་ཡིན།

ཁྱེད་ཚོ་ལ་དྭགས་སུ་ཡོང་མཁན་རྣམས་ང་ཚོ་མཉམ་དུ་ཡོངས་ཁྱབ་གཉིས་མེད་ཀྱི་བརྗོད་གཞི་དེ་གོ་བསྡུར་བྱེད་རྒྱུའི་གོ་སྐབས་ཡོང་གི་རེད། ད་རེས་ཡོང་མ་ཐུབ་མཁན་རྣམས་སླད་མར་ང་ཚོ་ཡང་ཡང་ཐུག་ནས་གོམས་གཤིས་བཟང་པོ་སྦྱང་རྒྱུར་ཕན་ཚུན་སེམས་སྐུལ་བྱས་ཆོག། གཞན་ལ་ཕན་ཅིང་འཚེ་བ་མེད་པ་ཞིག་བྱེད་མ་ཐུབ་ན་ཆོས་པ་ཡིན་བསམ་པ་དང་གླེང་བས་ཕན་པ་མེད། ང་ཚོས་དེ་འདྲ་ཡོང་བའི་འགོ་ཞིག་འཛུགས་དགོས།

དངོས་འབྱུང་གློག་བརྙན་འདིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།

You are here: མདུན་ངོས། གསར་གནས། ༢༠༡༣ གསར་མཛོད། ཡོངས་ཁྱབ་གཉིས་མེད།