༢༠༡༣ གསར་མཛོད།

བྱིན་རླབས་ཞུ་བ།

༄༅། །སྤྱིར་བཏང་བྱིན་རླབས་ཞེས་པ་དེ་ཡ་མཚན་པོ་དང་། ལྷ་ལས་བྱུང་བའམ། རྒྱང་ཐག་རིང་ལ་ཐོབ་དཀའ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མི་ཚེའི་སྐོར་ལ་ཆེ་ཆུང་ལ་མ་ལྟོས་པའི་གོ་རྟོགས་ཇི་འདྲ་ཞིག་བྱུང་ནའང་དེ་བྱིན་རླབས་ཞིག་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་ཡོད།

བྱིན་རླབས་སམ་གོ་རྟོགས་དང་སླར་མཐུད་ཐབས་བཟང་ཤོས་ཤིག་ནི་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམ་པས་སྒྲུབ་པ་མཛད་ས་དང་། གྲུབ་པ་རྙེད་ས། འགྲོ་དོན་བསྐྱངས་ས། མྱ་ངན་ལས་འདའ་ས་བཅས་གནས་མཇལ་བྱེད་རྒྱུ་དེ་ཡིན། གནས་འདི་རྣམས་ཕྱིའི་བྱིན་རླབས་ཐོབ་སའི་གནས་ཡིན་པར་བརྟེན་རྩ་ཆེན་དུ་རྩི་བ་རེད། ཁོང་རྣམ་པའི་རྟོགས་པས་གནས་འདི་རྣམས་བྱིན་གྱིས་བརླབ་ཡོད་ཅེས་ཟེར་ནའང་ཆོག

རང་གི་ཆོས་ཀྱི་ལམ་བུ་དྲན་སྐུལ་བྱ་ཆེད་བདུན་ཕྲག་འགའ་ཤས་གོང་ཆོས་འཁོར་དུས་ཆེན་དང་སྟབས་བསྟུན་ངས་བཙུན་མ་རྣམས་འཁྲིད་དེ་བལ་ཡུལ་མཆོད་རྟེན་གསུམ་མཇལ་བར་ཕྱིན་པ་ཡིན། ཞོག་པ་སྔ་ཐོག་མཆོད་རྟེན་བྱ་རུང་ཁ་ཤོར་མཇལ་བ་དང་། དེ་རྗེས་སྟག་མོ་ལུས་སྦྱིན་དང་འཕགས་པ་ཤིང་ཀུན་བཅས་མཇལ་བ་ཡིན། དཔེ་ཆའི་ནང་ལ་མཆོད་རྟེན་རྣམ་གསུམ་ཉིན་གཅིག་ལ་མཇལ་བ་ཡིན་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བརླབ་པོ་ཆེ་བསག་པར་གསུངས་འདུག ང་ཚོས་སྔ་དྲོ་ཆུ་ཚོད་ ༨ ནས་དགོང་དྲོ་ ༡༡ བར་མཆོད་རྟེན་རྣམ་གསུམ་མཇལ་ཞིང་། དེ་དག་གི་དྲུང་ཚོགས་འཁོར་རྒྱ་ཆེན་པོ་ཕུལ་བ་ཡིན།


Morning prayers at Boudhanath Stupa


Namo Buddha


Prayers at Swayambhunath Stupa

བདག་ཅག་གི་སྟོན་པས་ལོ་ ༢༥༠༠ ལྷག་གོང་ཉིན་འདིར་ཆོས་ཀྱི་འཁོར་ལོ་ཐོག་མ་དེ་སྐོར་བ་ཡིན་པས་ན་ང་ཚོར་ཉིན་འདི་གལ་ཆེན་པོ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་དེ་ཉིན་གནས་འདི་རྣམས་སུ་གནས་སྐོར་མཆོད་འབུལ་བྱེད་མཁན་མང་པོ་མི་འདུག་པ་མ་ཟད། ང་ཚོ་མང་པོ་ཞིག་ནས་སྐོར་བ་དང་མཆོད་འབུལ་བྱེད་པ་མཐོང་དུས་ཡུལ་མི་ཚོ་ཡ་མཚན་པོ་འདྲ་ཞིག་བྱེད་ཀྱིན་འདུག

ནང་པ་མང་པོ་ཞིག་ནས་སྟོན་པ་ཤཀྱཱ་ཐུབ་པས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་དུས་ཚིགས་ཁྱད་པར་ཅན་འདི་མི་ཤེས་པ་ནི་བློ་ཕམ་ཆེན་པོ་བྱུང་། དེས་བདེན་པ་བཞིའི་ཆོས་དེ་ཡུན་རིང་པོར་སྣང་མེད་དུ་བཞག་ཡོད་པ་མཚོན་པ་དང་། སྟོན་པའི་ཆོས་ཉམས་ལེན་བྱེད་ཀྱི་མེད་པ་མཚོན་པ་ཡིན་པས། ང་ཚོས་གོ་ཆས་སྤྲས་ཏེ་ཉམས་ལེན་ལ་མྱུར་དུ་འབད་དགོས།

ངས་ངའི་ཁ་ལོ་པར་ཆོས་འཁོར་དུས་ཆེན་སྲུང་རྩི་བྱེད་མཁན་ནང་པ་མང་པོ་མེད་པ་གང་ཡིན་ནམ་ཞེས་དྲིས་པ་ཡིན་པར་ཁོས་ལན་ཁྱད་མཚར་ཞིག་རྒྱབ་བྱུང་། ཁོས། བདེན་པ་བཞི་ནི་ཐེག་དམན་དང་འབྲེལ་བ་ཆེ་བ་དང་ཐེག་ཆེན་དང་གསང་སྔགས་རྡོ་རྗེ་ཐེག་པ་དང་འབྲེལ་བ་དེ་ཙམ་མེད་པས་དུས་དྲན་འདི་ནི་ཐེག་དམན་པ་རྣམས་ནས་སྲུང་རྩི་ཞུ་བ་རེད་ཅེས་བརྗོད་བྱུང་། འདི་ནི་གོ་ནོར་ཞིག་ཏན་ཏན་ཡིན་རེ་ཆེ། གང་ཡིན་ཟེར་ན། བདེན་པ་བཞི་མེད་ན་ནང་པའི་ཆོས་མེད་པ་རེད། ཐེག་ཆེན་དང་རྡོ་རྗེ་ཐེག་པའང་མེད་པ་རེད།

ཉེ་ལམ་རྡོ་རྗེ་གདན་དུ་འབར་འགས་ཀྱི་དོན་རྐྱེན་བྱུང་བ་དེ་ཡང་ང་ཚོས་བདེན་པ་བཞིའི་གོ་རྟོགས་ཞན་པས་བྱུང་པ་རེད། ཕྱིའི་ཉམས་ལེན་ཉམས་ན་འབྲས་བུ་ངན་པ་ཡོང་རྒྱུ་ཡིན་པ་ནི་ཆོས་ཉིད་རེད་བསམ་པ་འདི་ནི་ངའི་བསམ་ཚུལ་ཡིན། ཚང་མར་རང་སོ་སོའི་བསམ་ཚུལ་ཡོད་ཆོག་གི་རེད།

ཕྱིའི་ཞན་ཆ་དེ་རང་གི་ནང་སེམས་རྒྱུད་ཀྱི་ཞན་ཆའི་ཐོག་མངོན་པ་དང་། བྱམས་སྙིང་རྗེའི་ཉམས་ལེན་ཞན་ན། ཞེ་སྡང་། ང་རྒྱལ། ཁོང་ཁྲོ་ལྟ་བུའི་གནོད་འཚེ་ཅན་གྱི་སེམས་ཚོར་ལ་འཐབ་པའི་ནུས་པ་དེ་ཡང་ཉམས་འགྲོ་བ་ཡིན། རང་རྒྱུད་ལ་འཐབ་རྩོད་བྱེད་པའི་ནུས་པ་མེད་ན་ཕྱིའི་མི་མཐུན་པའི་ཕྱོགས་ཀྱི་དབང་འོག་ཏུ་ཚུད་ཅིང་། སྡུག་བསྔལ་ཁོ་ན་མ་གཏོགས་མེད།

ཕྱིའི་འཐབ་རྩོད་ནི་སེམས་ཚོར་བག་ཆགས་ཐས་པའི་ནང་སེམས་རྒྱུད་ཀྱི་འཐབ་རྩོད་ཀྱི་མཚོན་རྟགས་ཤིག་ཡིན། དེ་འདྲ་ལ་བརྟེན་ནས་འབར་འགས་དང་། མི་གསོད་ཁྲག་སྦྱོར། གོད་ཆག་སོགས་རྫོགས་མཐའ་མེད་པ་རེད། ཕྱིའི་འཐབ་རྩོད་ཉུང་དུ་གཏོང་ཐབས་ཡག་ཤོས་ནི་ནང་སེམས་རྒྱུད་ཀྱི་འཐབ་རྩོད་ལ་ཁ་གཏད་བཅགས་རྒྱུ་དེ་རེད།

ཉེ་ལམ་རྡོ་རྗེ་གདན་དུ་འབར་འགས་ཀྱི་དོན་རྐྱེན་བྱུང་བར་བརྟེན་ངས་རང་ཁོངས་གྲྭ་བཙུན་གང་མང་སྟོན་པའི་གནས་ཆེན་རྣམས་སུ་གནས་མཇལ་དུ་འཁྲིད་རྒྱུའི་ཐག་གཅོད་བྱས་པ་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་སངས་རྒྱས་ཀྱིས་བསྟན་པའི་མཐར་པའི་ལམ་གྱི་གནད་འགག་དྲན་བསྐུལ་བྱེད་རྒྱུ་དེ་ཡིན། འདོད་པ་ཡོད་མཁན་རྣམས་ལ་ལས་རིམ་དེའི་ནང་རིང་མིན་ཞུགས་ཆོག་གི་རེད། སུ་ཞིག་གནས་སྐོར་ལས་རིམ་འདིའི་ནང་ཞུགས་འདོད་ནའང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཛྲ་གུ་རུ་སྟོང་བཅུ་རེ་ངེས་པར་བསག་རོགས་གནང་ཞེས་ངས་སྙིང་ཐག་པ་ནས་རེ་བསྐུལ་བྱེད་ཀྱི་ཡོད།