༢༠༡༣ གསར་མཛོད།

གོམ་པ་རེ་རེ་བཞིན་ཞི་བདེ་ཡིན།

༄༅། །ང་ཚོས་ཉེ་ཆར་མཛེས་སྡུག་ལྡན་པའི་ཤྲི་ལངྐའི་རྒྱལ་ཁབ་ནང་གོམ་འགྲོས་གནས་སྐོར་མཇུག་བསྒྲིལ་བ་དང་། དེ་ནི་ང་ཚོའི་གོམ་འགྲོས་གནས་སྐོར་ཐེངས་དྲུག་པ་དེ་རེད། དུས་ཚོད་སྐྱིད་པོ་ནི་མགྱོགས་མྱུར་འདས་འགྲོ་བ་བཞིན་ང་ཚོའི་ཤྲི་ལངྐའི་གནས་སྐོར་ཡང་མགྱོགས་པོ་དེ་འདྲ་ཚར་བ་མེད་བསམ་བསམ་ཞིག་ལ་ཚར་སོང་། དེས་ན་ངས་རྒྱུན་དུ་ང་ཚོས་འབྲེལ་བ་གང་བཞག་པ་དེར་ཡི་རངས་བྱེད་དགོས་པ་དང་ཕན་ཚུན་རོགས་ཟླ་བྱུང་བར་དགའ་བ་སྒོམ་དགོས་ཟེར་གྱི་ཡོད། ནམ་ཞིག་ཁ་བྲལ་རྒྱུ་རེད།

གོམ་འགྲོས་གནས་སྐོར་རེ་རེར་གནམ་གཤིས་དང་། ས་ངོས་མཐོ་ཚད་དང་། ཁ་ལག་སོགས་རྒྱུ་རྐྱེན་འདྲ་མིན་ལས་བྱུང་བའི་དཀའ་སྡུག་འདྲ་མིན་གདོང་ལེན་བྱེད་དགོས་པ་ཡོང་གི་ཡོད། དཀའ་ངལ་ཁ་ཅིག་ནི་གཞན་དང་འབྲེལ་བ་བྱེད་ཕྱོགས་དང་། རང་བྱུང་ཁམས་དང་། ཡང་ན་རང་སོ་སོའི་སེམས་ཕྱོགས་ཀྱིས་རྐྱེན་ཏེ་ཡོང་གི་ཡོད། ངས། རང་དོན་རང་གིས་བྱེད། ཅེས་བརྗོད་ཀྱི་ཡོད། གང་ཡིན་ཟེར་ན། རང་གི་མི་ཚེའི་དོན་དེ་གཙོ་བོ་རང་གིས་བྱེད་དགོས་པ་ཡིན། གོམ་འགྲུལ་གནས་སྐོར་སྐབས་རང་གི་རྒྱུད་དམ་ཕྱིའི་རྐྱེན་ལས་བྱུང་བའི་སྒེར་གྱི་དཀའ་རྙོག་མང་པོ་ཞིག་ཡོང་སྲིད། ཡིན་ནའང་རང་ལ་དམིགས་གཏད་མ་བྱས་པར་གཞན་ལ་དོ་སྣང་བྱེད་དུས་དངོས་གནས་རྙོག་དྲ་སློང་གི་ཡོད་རེད། བདེ་སྐྱིད་ནི་རང་གི་རྒྱུད་ལ་ཡོད་ཅིང་། སྐྱིད་པོ། སྡུག་པོ། ཁོང་ཁྲོ་སོགས་སེམས་ཚོར་ཚང་མ་རང་གིས་བཟོ་བ་ཡིན།

ཐེ་གཏོགས་ཚ་པོ་བྱས་ཏེ་མི་གཞན་སུན་པོ་བཟོ་རྒྱུར་ང་ཚོ་ཕལ་ཆེར་འཇོན་པོ་ཡོད། དེའི་རྐྱེན་གྱིས་ང་ཚོ་གཞན་དང་མ་འགྲིག་པ་དང་། ཆུང་ས་ཞིག་ནས་དེ་མི་མཐུན་པའི་ཆ་ཕྲན་བུ་ཞིག་ཏུ་འགྱུར་བའམ། ཆེ་ས་ཞིག་ནས་འཁྲུག་རྩོད་ཀྱི་གཞི་ཆགས་ཀྱི་ཡོད་པས། སྒེར་གྱི་བདེ་སྐྱིད་ཆེད་དམ་ཐུན་མོང་གི་མཐུན་འབྲེལ་ཆེད་སྒྲིག་ཁྲིམས་སམ་རང་གིས་རང་བཅུན་པའི་ཚད་གཞི་གང་ཙམ་ཞིག་དགོས་པ་ཡིན། འདིའི་རྐྱེན་གཙོ་བོ་ཞིག་སྐད་ཆ་ཤོད་རྒྱུ་མང་དྲགས་པ་དེ་ཡིན། ང་ཆུང་དུས་ཕྲུ་གུ་ཁྲོ་ཅན་ཞིག་ཡིན། དགོན་པ་དང་དགེ་འདུན་པ་གང་ལ་བལྟས་ནའང་འགྲིག་ཚོད་མེད་པ་ཞིག་མཐོང་གི་ཡོད། ངའི་ཡབ་ཀྱིས་རྒྱུན་དུ་ང་ལ་རང་ཉིད་ཡར་རྒྱས་གཏོང་དགོས་པ་དང་། བློའི་འཁྱེར་སོར་འགྱུར་བ་གཏོང་དགོས་པའི་སློབ་གསོ་གནང་གི་ཡོད། རང་རྒྱུད་ལེགས་བཅོས་བྱས་པ་དེས་ངའི་ཚོར་སྣང་བཟང་དུ་ཕྱིན་ནས་ང་སྐྱིད་པ་དང་ཁོང་ཁྲོ་ཆུང་བ་ཡོང་གི་ཡོད། ད་རེས་གོམ་འགྲོས་གནས་སྐོར་སྐབས་ངས་མོས་མཐུན་མེད་པའི་གནས་ཚུལ་མང་པོ་མཐོང་བྱུང་། དཔེར་ན། བཙུན་མ་ཚོས་ཆུ་ཧ་ཅང་མང་པོ་བེད་སྤྱོད་བྱེད་པ་དང་། གོ་སྐབས་ནམ་ཐོབ་ལ་ཁྲུས་རྒྱག་རྒྱུའི་ངན་ལོབ་ཤོར་འདུག་པ་དང་། དགེ་འདུན་པ་ཚོས་ཁ་ཟས་མང་པོ་བཟའ་བ་དང་། ཕྱི་རྒྱལ་བ་ཚོ་ངག་འཆལ་མང་བ། བཅུ་ཤོག་གཉིས་པའི་ཁོངས་ཀྱི་སྤྲུལ་སྐུ་རྣམ་པ་གྲལ་བསྟར་སྒྲིག་སྟེ་ནམ་ཡང་མི་ཕེབས་པ་དང་སྒྲིག་ལམ་མེད་པ། འདི་ཚོ་ཚང་མར་སུན་སྣང་བྱས་ན་ངའི་གནས་སྐོར་དེ་ཡ་ང་པོ་ཞིག་ཡོང་བ་ཡོད་པས། ངས་རང་གིས་རང་ལ་འདི་ཚོ་སྣང་མེད་བཞག་སྟེ་ཁོང་ཚོ་སྐྱིད་པོར་འཇོག་དགོས་པའི་ཁ་ཏ་བྱས་པ་ཡིན། དེ་མིན་ཁོང་ཚོས་ཚོད་མ་བཏུབ་སྟངས་དང་། ཁ་ཟས་བཟོ་སྟངས། གུར་ཕུབ་སྟངས་སོགས་ཚང་མར་བལྟ་རྟོགས་བྱེད་རྒྱུ་ངའི་ལས་འགན་དུ་འགྱུར་ཏེ་བྲེལ་ཚུབ་ངང་གནས་ནས་ང་ལ་ལས་ཀ་གཞན་བྱེད་པའི་དུས་ཚོད་ཐོབ་པ་མི་འདུག ཕྱོགས་གཅིག་ནས་ང་ཚོས་གཞན་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད་སྟབས་སྐོར་གཡེང་བྱེད་ཀྱི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་འདི་རང་སྡུག་རང་ཉོས་ཡིན།

སེམས་པ་བཟང་པོ་དང་སེམས་འཁུར་བྱས་ཏེ་ང་ཚོས་གཞན་ལ་འདི་བྱེད་དང་འདི་མ་བྱེད་ཅེས་ཟེར་གྱི་ཡོད་ཅིང་། འདི་འདྲ་བྱེད་རྒྱུ་རང་གི་འགན་མིན་ནའང་སྐབས་རེ་འདི་འདྲ་བྱེད་དྲགས་པ་ཡོང་གི་ཡོད། དེ་འདྲ་སོང་ཙང་གཞན་ལ་བསུན་བཙེར་མི་ཡོང་ཆེད་རང་ངོས་ནས་བྱེད་ཐལ་འགྲོ་ཡི་ཡོད་མེད་བརྟགས་དཔྱད་བྱེད་དགོས་པ་ཡིན། ངས་གཞན་བསུན་པོ་མི་ཡོང་བའི་ཐབས་ཤེས་གང་དྲག་བྱེད་ཀྱི་ཡོད། གཞན་ལ་དཔྱད་དཔོག་མ་བྱས་པར། རང་གི་ལས་དོན་ལ་སེམས་གཏོད་བྱེད་རྒྱུ་འདི་ང་ཚོ་མང་པོ་ཞིག་གིས་ཉམས་ལེན་བྱེད་དགོས་པ་ཡིན།

རང་འགན་ལ་སེམས་གཏད་པ་དེ་སྣང་མེད་སྡོད་པ་དང་མི་ཤེས་པ་ལས་ཐ་དད་རེད། གཞན་ལ་དཔྱད་དཔོག་བྱེད་རྒྱུའི་ཚབ་ཏུ་རང་གི་ལས་དོན་ལ་སེམས་གཏོད་པ་དང་། གཞན་ལ་རོགས་པ་དགོས་སྐབས་གང་ཐུབ་བྱེད་དགོས་པ་ཡིན། ཕྱོགས་གཅིག་ནས་ང་ཚོ་ཚང་མ་གཞན་གྱི་ཕ་མ་ལྟ་བུ་ཡིན་པ་དང་། ཕྲུག་གུ་གོམ་འགྲུལ་བྱེད་འགོ་བཙུགས་དུས་ཟུར་ནས་བལྟས་ནས་བསྡད་དེ་ཐེ་བྱུས་མ་བྱས་པར་ཕྲུག་གུ་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བྱེད་འཇུག་དགོས་པ་ཡིན། ཕྲུ་གུ་དེ་ས་ལ་རིལ་དུས་སྐྱོར་རོགས་བྱེད་མཁན་ཕ་མ་ཡོད་ཡོད་པ་རེད། དཔེར་ན། རྗེ་བཙུན་སྒྲོལ་མའི་གནས་སི་རི་ག་ཡའི་བྲག་གི་འོག་ང་ཤིང་སྡོང་ཞིག་གི་འགྲམ་སྡོད་སྐབས་སྤྲེའུ་རྨས་མ་ཞིག་བསླེབས་བྱུང་བ་དང་། སྤྲེའུ་དེའི་སྐེད་པར་ལྕགས་ཐག་དམ་འདུག་ནའང་སྤྲེའུ་འཚར་ཐལ་ཕྱིན་ནས་ལྕགས་ཐག་ཤ་ལ་ཟུག་ཏེ་གཉན་ཁ་བརྒྱབ་ནས་རྨ་དེ་ལས་ཁྲག་དང་རྣག་འཛག་གི་འདུག འདི་རང་གི་གི་ལྟོ་གོས་ཆེད་སྤྲེའུ་འཁྲབ་བཅུག་མཁན་དེ་ཚོས་བྱས་པ་ཞིག་ཡིན་གྱི་རེད། སྤྲེའུ་དེ་ཡང་སྡུག་བསྔལ་བཟོད་གླག་བྲལ་ཏེ་བྲོས་ཕྱིན་པ་ཡིན་པ་འདྲ། སྤྲེའུ་དེ་ཅི་བྱ་གཏོལ་མེད་ངང་ཡོད་ཅིང་རོགས་པ་དགོས་ཀྱི་ཡོད་སྟབས་ང་རང་གི་ལས་ཀར་སེམས་གཏད་དེ་སྡོད་ཐབས་མ་བྱུང་། གཞན་ལ་རོགས་པ་མ་དགོས་དུས་ང་ཚོ་ཐེ་གཏོགས་ཚ་པོ་བྱེད་པ་དང་། གཞན་ལ་རོགས་དགོས་དུས་ང་ཚོས། དགོངས་དག འདི་ངའི་ལས་ཀ་མ་རེད་ཅེས་ཟེར་གྱི་ཡོད་རེད། ངས་ཐུགས་སྲས་རིན་པོ་ཆེར་སྤྲེའུ་བྲོས་ཤོར་བ་དེ་འཚོལ་རྒྱུའི་ལས་འགན་སྤྲད་པ་ཡིན་ཅིང་། ཉིན་ཤས་རིང་རིན་པོ་ཆེ་སི་རི་ག་ཡར་སྤྲེའུ་དེ་འཚོལ་བར་ཉིན་ལྟར་ཕེབས་མཐར་བདག་མེད་སྲོག་ཆགས་ལས་ཁུངས་ཀྱི་ལས་བྱེད་དང་ཤྲི་ལངྐའི་གཞོན་ནུ་ཚོས་རོགས་བྱས་ཏེ་སྤྲེའུ་དེ་རྙེད་དེ་སྨན་བཅོས་དང་སྨན་དཔྱད་ཆེད་སྨན་ཁང་ལ་འཁྲིད་པ་རེད། སྤྲེའུ་དེའི་མཁལ་མར་ནད་སྐྱོན་ཕོགས་ནས་ཆབ་གཅིན་ཚོད་འཛིན་མེད་པར་གྱུར་ཡོད་འདུག སྤྲེའུ་དེ་ནད་སྐྱོན་ཤོར་ནས་ལོ་གཉིས་ཙམ་ཕྱིན་ཡོད་ཚོད་འདུག་ཅིང་། སྨན་པས་ང་ཚོས་སྤྲེའུ་དེ་བསྐྱབ་ཐུབ་མེད་ན་བདུན་ཕྲག་གཉིས་ཙམ་ནང་འཆི་རྒྱུ་རེད་ཅེས་ཟེར་གྱི་འདུག སྤྲེའུ་དེ་སྨན་ཁང་ནང་གཟའ་འཁོར་གཉིས་ཙམ་རིང་ཉར་ཏེ་སྨན་བཅོས་བྱས་མཐར་༧སྐྱབས་རྗེ་རིན་པོ་ཆེས་སྤྲེའུ་དེ་སི་རི་ག་ཡར་འཁྲིད་དེ་གློད་བཀྲོལ་བཏང་བ་རེད། ང་ཚོས་གོ་སྐབས་ནམ་བྱུང་ལ་གཞན་གྱི་སྲོག་སྐྱོབ་པའི་མིག་ལྟོས་བཟང་པོ་འདི་འདྲ་གཏོད་ཐུབ་པར་དགའ་སྤོབས་བྱུང་།

ཞི་བདེའི་གོམ་པ་དང་པོ་ནི་ཁ་ཕྱི་ལ་མ་ཕྱོགས་པར་ནང་དུ་བལྟ་རྒྱུ་དེ་རེད། ཡང་ན། རང་གི་ལས་དོན་ལ་སེམས་གཏོད་རྒྱུ་དེ་ཞི་བདེ་བསྒྲུབ་པའི་གོམ་པ་དང་པོ་རེད་ཟེར་ཆོག འདི་ནི་ངས་རང་གིས་རང་ལ་དྲན་བསྐུལ་བྱེད་པ་ཁྱེད་ཚོར་ཤོད་ཀྱི་ཡོད།

ཤྲི་ལངྐའི་གཞུང་དང་མི་དམངས་ཀྱི་རྒྱབ་སྐྱོར་མེད་པར་གོམ་འགྲུལ་གནས་སྐོར་དེ་ལམ་ལྷོང་ཡོང་ཐབས་མེད་པ་ཡིན་པས། མཇུག་བསྒྲིལ་མཛད་སྒོའི་སྐབས་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་ངས་སངས་རྒྱས་ཀྱི་རིང་བསྲེལ་རྩ་ཆེན་རྡོག་གསུམ་ཕུལ་བ་ཡིན། རིང་བསྲེལ་དེ་དག་ཀྱང་ཐུན་མོང་མ་ཡིན་པ་ཞིག་རེད། རིང་བསྲེལ་ཁ་ཅིག་འཕེལ་གྱི་མེད་ཀྱང་། ད་ལྟའི་རིང་བསྲེལ་འདི་དག་ནི་རྐྱེན་བཟང་པོ་འཛོམས་སྐབས་འཕེལ་གྱི་ཡོད། ང་རའི་སེམས་པར་རིང་བསྲེལ་འདི་ལོ་གཅིག་གཉིས་རྗེས་འཕེལ་གྱི་རེད་བསམ་པ་བྱུང་ཡང་། ངས་རིང་བསྲེལ་ཤྲི་ལངྐའི་སྲིད་འཛིན་ལ་འབུལ་སྐབས་རིང་བསྲེལ་གཅིག་འཕེལ་འདུག་པས་རྒྱལ་ཁབ་ཀྱི་མདུན་ལམ་ཆེད་དུ་རྟེན་འབྲེལ་བཟང་པོ་ཡིན་གྱི་རེད་བསམ་པ་བྱུང་།

ཟླ་བ་གཅིག་རིང་ཤྲི་ལངྐ་ལྷོ་ནས་བྱང་བར་གོམ་འགྲུལ་གནས་སྐོར་བྱེད་སྐབས་ས་གནས་གང་སར་མི་མང་གི་ངོས་ནས་སྣེ་ལེན་བཟང་པོ་ཐོབ་པ་ཙམ་མ་ཟད། རིགས་རུས་དང་ཆོས་ལུགས་འདྲ་མིན་གྱི་མི་མང་རྣམས་མཛའ་བརྩེ་འཆམ་མཐུན་ངང་གནས་པ་མཐོང་དུས་སེམས་འགུལ་འཐེབ་པ་ཞིག་བྱུང་། ང་ཚོ་ཁ་ཆེ་དང་ཧིན་དྷུ་ཆོས་བྱེད་མི་མང་སྡོད་གནས་ཁུལ་བསྐྱོད་སྐབས་ཟས་དང་གནས་དང་། སྨོན་ལམ་གྱི་མཐུན་རྐྱེན་སྦྱར་བ་དང་། མི་བརྒྱ་ཁྲག་ཁ་ཤས་ཁོང་ཚོའི་གྲོང་བརྡལ་དང། གྲོང་གསེབ། གནས་རྩ་ཆེན་བརྒྱུད་བསྐྱོད་སྐབས་མི་དགའ་བའི་རྣམ་འགྱུར་སྟོན་མཁན་གཅིག་ཀྱང་མ་བྱུང་། ལོ་བཅུ་ཁྲག་གསུམ་རིང་དྲག་པོའི་དམག་འཛིང་མྱང་མྱོང་བའི་རྒྱལ་ཁབ་འདིའི་མི་རྣམས་འཛུམ་མདངས་དང་དགོངས་ཡངས་ངང་མི་ཚེ་སྐྱེལ་བཞིན་པ་མཐོང་དུས་ཡིད་ཆེས་དཀའ་བ་ཞིག་བྱུང་། ང་ཚོ་ལྷོ་ཕྱོགས་ནས་བྱང་ཕྱོགས་བར་གོམ་འགྲུལ་བྱས་པ་ཡིན་ཙང་། མི་མང་དང་གཞུང་གི་ངོས་ནས་མི་མཐུན་པའི་གནས་ཚུལ་ཡོད་རིགས་སྦ་གསང་བྱེད་ཐུབ་རྒྱུ་ཁག་པོ་རེད་བསམས་ཀྱིས། ང་ཚོ་མི་མང་མཉམ་དུ་འབྲེལ་མོལ་བྱེད་རྒྱུའི་རང་དབང་ཡོད་ཅིང་། ངས་མི་མང་པོ་ཞིག་ལ་སྡུག་པོ་འདི་འདྲ་མྱང་བའི་རྗེས་ད་དུང་བློ་བདེ་བག་ཕེབས་ངང་གནས་ཐུབ་པ་ཇི་འདྲ་ཡིན་ནམ་དྲིས་པར། ཁོང་ཚོས་ནང་པའི་དགེ་འདུན་པ་ཚོས་ལས་རྒྱུ་འབྲས་དང་། ཡི་རངས། བཟོད་སྒོམ། དགོངས་ཡངས་བཅས་ཀྱི་བསླབ་སྟོན་བྱས་པའི་འབྲས་བུ་ཡིན་ཚུལ་བརྗོད་བྱུང་། ངའི་གྲོགས་པོ་དང་སློབ་བུ་ཁ་ཅིག་ཆོས་དང་། ལྷག་པར་དུ་ལས་རྒྱུ་འབྲས་ལ་ཐེ་ཚོམ་ཡོད་ནའང་། ང་ཚོས་ལོ་ངོ་སུམ་ཅུ་དམག་འཛིང་ནང་གནས་པའི་ཤྲི་ལངྐའི་མི་མང་ཚོར་སངས་རྒྱས་ཀྱི་ཆོས་དེ་གལ་ཆེན་པོ་ཇི་འདྲ་ཡིན་མཐོང་བྱུང་། ཕ་མ་ཚོ་སྔ་དྲོ་ལས་ཀར་འགྲོ་དུས་རང་གི་ཕྲུག་གུར་ཕྱི་དྲོ་ནང་ལ་ལོག་མི་ཐུབ་པའམ་དྲག་སྤྱོད་པའི་འཐབ་རྒོལ་ནང་འཆི་སྲིད་ཀྱི་རེད་ཅེས་ཤོད་ཀྱི་ཡོད་པ་རེད། ཕྲུག་གུ་ཚོར་སངས་རྒྱས་ཀྱི་བཀའ་ལ་རྩིས་ཏེ་བྱམས་བརྩེ་དང་། བཟོད་བསྲན། བསམ་ཤེས་བཅས་ཀྱི་ངང་འཚོ་བ་བསྐྱལ་དགོས་པ་དང་། ལས་ངན་པ་རྫོགས་མཐར་ཞི་བདེ་ཡོང་རྒྱུ་ཡིནཔའི་བསླབ་བྱ་བྱེད་ཀྱི་ཡོད་པ་རེད། འདི་ནི་ཆོས་ཉམས་ལེན་གྱི་རྗེས་འབྲས་རེད།

ང་ཚོ་ནང་པ་ཚོས་ཤྲི་ལངྐའིི་ནང་པ་དང་དགེ་སློང་རྣམས་ལ་དྲིན་ལན་འཇལ་དགོས་པ་ཡོད། སྟོན་པ་དང་དམ་པའི་ཆོས་ཀྱི་འཁྲུངས་ཡུལ་རྒྱ་གར་ནང་ནང་པའི་གནའ་ཤུལ་ཧ་ལམ་རྩ་བརླག་གྱུར་སྐབས་ཤྲི་ལངྐའི་དགེ་སློང་ཨ་ན་ག་རི་ཀ་དྷརྨ་པ་ལས་གནས་ཆེན་ཁག་ངོས་འཛིན་སླར་གསོ་བྱས་པ་རེད་ན། ད་ལམ་ངས་ལེགས་སོའི་མཚོན་བྱེད་ཙམ་དུ་སྟོན་པའི་རིང་བསྲེལ་སྐྱེས་སུ་འབུལ་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་། སྲིད་འཛིན་མཆོག་ནས་དེ་ཉིད་བཞུགས་ཡུལ་མཆོད་རྟེན་ཞིག་བཞེངས་རྒྱུ་རེད། ང་ཚོའི་ཆོས་བརྒྱུད་ཀྱི་ཚབ་བྱས་ཏེ་ངས་ཁོང་དང་། ཤྲི་ལངྐའི་གཞུང་དང་མི་དམངས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དཔལ་ལྡན་འབྲུག་ཡུལ་གཞུང་གྲྭ་ཚང་ནས་རིང་བསྲེལ་འབུལ་བཞེས་མཛད་སྒོར་དགེ་འདུན་སྐུ་བགྲེས་མང་པོ་གཏོང་གནང་མཛད་འདུག་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

You are here: མདུན་ངོས། གསར་གནས། ༢༠༡༣ གསར་མཛོད། གོམ་པ་རེ་རེ་བཞིན་ཞི་བདེ་ཡིན།