༢༠༡༣ གསར་མཛོད།

དབྱེར་མེད་བརྩེ་བའི་མཛའ་བརྩེའི་ཉིན་མོ།

༄༅། །རྡོར་གླིང་ནས་ཀཐ་མན་དྲུ་བར་གང་སར་མཛའ་བརྩེའི་ཉིན་མོའི་ཁྱབ་བསྒྲགས་དཔྱང་སྒྲོམ་དང་སྙིང་གི་བཟོ་དབྱིབས་མཐོང་རྒྱུ་འདུག་ཅིང་། མི་ཁ་ཅིག་གིས་འདི་བརྩེ་བའི་དགའ་སྟོན་མཚོན་ལུགས་ཤོད་ཀྱི་འདུག མེ་ཏོག་རྒྱ་སེའི་རིན་གོང་ཡང་ལྡབ་མང་པོ་འཕར་ཡོད་ཚོད། མི་ཚང་མས་མཛའ་བརྩེའི་དུས་སྟོན་སྲུང་རྩི་བྱེད་པ་མཐོང་དུས་བློ་སྒོ་གུང་དུ་འདེགས་པ་ཞིག་འདུག ཕྱོགས་གཞན་ཞིག་ནས་བལྟས་ན་འདི་ནི་རང་གི་དགའ་ཉེ་དང་། རང་ལ་ཐོབ་འདོད་དང་། རང་གིས་སྦྱིན་འདོད་ཀྱི་ཉེ་རིང་ཅན་གྱི་བརྩེ་བའི་ལོ་རེའི་དུས་སྟོན་ཞིག་རེད། འདི་འགོ་འཛུགས་ས་ཡག་པོ་ཞིག་ཡིན་ཅིང་། གལ་ཏེ་ང་ཚོའི་བརྩེ་བ་དེ་རང་གིས་སེམས་ཁུར་བྱེད་པའི་མི་དང་དུད་འགྲོ་ལས་བརྒལ་ཐུབ་ན་མཛའ་བརྩེའི་དུས་སྟོན་དེ་དངོས་འབྲེལ་ཕྱོགས་རིས་མེད་པ་དང་དོན་དང་ལྡན་པ་ཞིག་ཡོང་གི་རེད། ཕྱོགས་རིས་ཅན་གྱི་མཛའ་བརྩེ་སྲུང་རྩི་བྱེད་དམ་ཕྱོགས་རིས་མེད་པའི་མཛའ་བརྩེ་སྲུང་རྩི་བྱེད། བརྩེ་བ་ཆེན་པོ་སྲུང་རྩི་བྱེད་དམ་བརྩེ་ཆུང་ཆུང་སྲུང་རྩི་བྱེད་དེ་རང་གི་འདམ་ག་རེད།

ཕྱི་ཚེས་ ༡༤ ནི་མཛའ་བརྩེའི་ཉིན་མོ་ཡིན་པ་ཙམ་མ་ཟད་བོད་ཀྱི་ལོ་གསར་གྱི་ཚེས་ ༤ པ་ཡིན་ཅིང་། བོད་ཟླ་ ༡ པོའི་ཚེས་ ༡ ནས་ ༡༥ བར་ནི་ལོ་གཅིག་ནང་གི་དུས་ཚིགས་རྩ་ཆེན་ཞིག་ཡིན་པས་ནང་པ་རྣམས་ལ་ཤིནྟུ་གལ་ཆེན་ཡིན། དུས་ཚིགས་འདིའི་རིང་ང་ཚོས་བྱ་བ་བཟང་པོ་ཞིག་བྱེད་ཐུབ་ན་དེའི་དགེ་བའི་འགྱུར་སྟོབས་བསམ་ཡུལ་ལས་འདས་པའི་ཆེན་པོ་ཡོད་པ་དེ་བཞིན་མི་དགེ་བ་ཞིག་བྱས་ན་དེའི་ཉེས་མིག་དེ་ལྟར་འགྱུར་སྟོབས་ཆེན་པོ་ཡོད་པས། བཟང་ངན་ཅི་བྱེད་རང་འདམ་ག་རེད།

ཕྱི་ལོ་ ༢༠༡༢ ལོར་འཛམ་གླིང་འདི་འཇིག་པའི་ལུང་བསྟན་ལ་མ་ལྟོས་པར་ང་ཚོ་ད་ལྟ་སོན་པོར་ཡོད་པ་དེ་ནི་བསོད་བདེ་ཆེན་པོ་རེད། ང་ཚོར་དགེ་བའི་ལས་བྱས་ཏེ་ཚོགས་ཆེན་པོ་གསོག་རྒྱུའི་གོ་སྐབས་ཡོད་པ་དེ་ཡང་བསོད་བདེ་རེད། འདིར་ངའི་སར་འཛོམས་པའི་སྐྱེ་བོ་ཀུན་ང་ཚོ་མཉམ་དུ་ཞག་དྲུག་གི་རིང་ལ་སྨོན་ལམ་གསོལ་འདེབས་དང་སྒོམ་ཉམས་ལེན་གྱི་ངང་དུས་འདའ་རྒྱུ་ཡིན། མི་ཚེ་བཟང་པོ་འདི་འདྲ་ཞིག་ཡོད་ཐོག་ང་ཚོ་ཚང་མར་ལེགས་སྐྱེས་འབུལ་རྒྱུའི་ནུས་པ་ཡོད་པས། འཆལ་གཏམ་དང་གོ་བ་ལོག་སྒྲུབ་ཀྱིས་མི་མཐུན་དབྱེ་སྦྱོར་གྱི་ལས་ལ་འབད་ན་མཐར་ཐུག་རང་ཉིད་མི་སྐྱིད་པ་ཡོང་རྒྱུ་ལས་གཞན་མེད། བྱུས་མེད་བྱུས་འཁྲི་མ་བྱས་པར་གཞན་ཕན་དགེ་བའི་ལས་ལ་འབད་ན་རང་གི་དུས་ཚོད་དང་ནུས་ཤུགས་བེད་སྤྱོད་དོན་དང་ལྡན་པ་ཡོང་གི་རེད།

ངས་མཛའ་བརྩེའི་དུས་སྟོན་འདི་བཀྲིན་རྗེས་དྲན་གྱི་ཉིན་མོར་རྩི་ཡི་ཡོད། གང་ཡིན་ཟེར་ན་ང་ཚོས་རང་ལ་འཕྲད་བཞིན་པའི་དཀའ་ངལ་རྗེས་དྲན་བྱེད་དགོས་པ་ཡིན། དཀའ་ངལ་མེད་ན་སློབ་གསོ་ཡོང་གི་མ་རེད། མི་ཁ་ཅིག་གིས་རང་གི་སྐོར་ལ་ངན་སྨྲས་བྱེད་པ་དང་། ལྟ་ཚུལ་ལོག་པ་འཛིན་དུས་ང་ཚོས་ཡང་ན་བློ་ཁུམ་ཡིད་མུག་ངང་སྡོད་ཅིང་མི་དེ་དག་ལ་མ་དགའ་བ་བྱེད་པ་དང་། ཡང་ན་སྣང་ཚུལ་འདི་དག་རང་གི་ནོར་འཁྲུལ་ལ་བསམ་ཞིབ་ཀྱིས་ལེགས་བཅོས་བྱེད་པའི་གོ་སྐབས་ཤིག་ལ་ངོས་འཛིན་བྱེད་འདམ་དགོས། རང་ལ་མ་དགའ་བ་བྱེད་ཅིང་དཀའ་ངལ་བཟོ་མཁན་དེ་ཚོ་ང་ཚོར་ཆོས་ཀྱི་ལམ་ལ་ཡར་རྒྱས་ཡོང་རྒྱུར་ཕན་ཐོག་ཆེ་ཤོས་ཡོད་པ་ཡིན། ཁོང་ཚོས་ང་ཚོའི་འགྲུལ་བཞུད་དེ་དེ་བས་དང་ཞེན་ཆེ་བ་བཟོ་བ་ཡིན། དེས་ན་དེ་རིང་ང་ཚོས་རང་ལ་མ་དགའ་སྡང་ཟུག་བྱེད་ཅིང་དཀའ་ངལ་སྤྲོད་མཁན་དེ་ཚོར་དམིགས་བསལ་གྱི་མཛའ་བརྩེའི་ཉིན་མོའི་འཚམས་འདྲི་བྱེད་དགོས་པ་ཡིན། ང་ཚོས་སྡང་འཛིན་དང་མི་དགའ་བའི་སེམས་ཚོར་གྱི་དབང་དུ་མ་ཤོར་བ་བྱེད་དགོས། ང་ཚོས་རྣམ་ཀུན་བདག་འཛིན་གྱི་དབང་དུ་སོང་སྟེ་མི་གཞན་དང་མཉམ་དུ་མི་གཅིག་གམ་མི་ཚོགས་གཅིག་ལ་སྐྱོན་བརྗོད་བྱེད་པ་ཡིན། འདི་འདྲའི་སྐབས་སུ་ང་ཚོས་ངག་གི་མི་དགེ་བ་གསོག་པའི་གཏམ་འཆལ་གྱི་འཁོར་ཚོགས་ངན་པ་དེ་ལས་རང་ཉིད་ཕྱི་ནུད་རྒྱག་དགོས།

འདི་འདྲའི་གནས་སྐབས་སུ་ཕྱི་ནུད་ཀྱིས་སེམས་ལྷིང་པོར་སྡོད་དགོས། སེམས་ཚོར་ནི་སྤྲིན་པ་ལྟར་ཡོང་གིན་ཡོང་གིན་འགྲོ་གིན་འགྲོ་གིན་བྱེད་ཀྱི་རེད། དེ་རིང་གཅིག་གིས་དགའ་བའམ་མ་དགའ་བ་བྱེད་ཀྱི་རེད། དེ་ནི་གང་ཟག་དེ་དག་གི་བྱ་སྤྱོད་རེད།

ཐོག་མར་རང་གི་མཐའ་འཁོར་དུ་ཡོད་པའི་སེམས་ཅན་ཀུན་ལ་ཉེ་རིང་མེད་པའི་བརྩེ་བ་དང་སྙིང་རྗེ་སྒོམ་པ་དང་དེ་ནས་རིམ་གྱིས་རིང་དུ་ཡོད་པའི་སེམས་ཅན་རྣམས་ལ་བརྩེ་བ་དང་སྙིང་རྗེ་སྒོམ་སྟེ་མཛའ་བརྩེའི་ཉིན་མོ་འདི་རང་གཞན་ཀུན་ཁྱབ་ཀྱི་དུས་སྟོན་ཞིག་ལ་འགྱུར་དགོས། སེམས་ཅན་ཀུན་ལ་རྟག་ཏུ་མཛའ་བརྩེ་ཡོད་པ་ཞིག་ལ་གྱུར་ཅིག

You are here: མདུན་ངོས། གསར་གནས། ༢༠༡༣ གསར་མཛོད། དབྱེར་མེད་བརྩེ་བའི་མཛའ་བརྩེའི་ཉིན་མོ།