༢༠༡༡ གསར་མཛོད།

མཛའ་འབྲེལ།

༄༅། །༧སྐྱབས་རྗེ་སྲས་རིན་པོ་ཆེ་མཆོག་༧རྒྱལ་དབང་འབྲུག་པ་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་འོས་སྤྲུལ་ཡིན་པའི་བཤད་སྲོལ་ཞིག་འདུག ཉེ་འཆར་༧སྐྱབས་རྗེ་ཨ་ཕོ་རིན་པོ་ཆེ་མཆོག་ནས་ང་ལ་སྐུ་པར་ཞིག་བསྐུར་འབྱོར་བྱུང་བ་དེས་བཤད་སྲོལ་འདི་དྲན་གསོ་བྱས་བྱུང༌། དེ་ལྟར་ངོས་འཛིན་བྱུང་ཡོད་ན་ང་རང་གང་འདོད་བྱེད་རྒྱུ་ཡོང་བས་སྐྱིད་པོ་ཡོང་བ་འདུག དཔེར་ན། ང་ཕལ་ཆེར་འབྲུག་ལ་བསྡད་དེ་ལས་ཀ་འདྲ་མིན་བྱེད་བཞིན་ཡོད་འགྲོ། ཡང་ན་ཁྱིམ་བདག་ཞིག་ཏུ་གྱུར་ཏེ་ཡོད་འགྲོ། འོན་ཀྱང་ངའི་ཐུགས་བརྩེ་ཅན་གྱི་རྩ་བའི་བླ་མ་༧གོང་ས་ཆེན་པོ་མཆོག་ནས་ང་ད་ལྟའི་མཚན་གནས་སུ་ངོས་འཛིན་གནང་ཞིང༌། གནས་ཚུལ་འདི་རིགས་ནི་ལྐོག་འགྱུར་ཡིན་པས་ང་ཚོ་སེམས་ཅན་ཕལ་པས་རྟོགས་མི་ཐུབ།

གལ་ཏེ་སྲས་རིན་པོ་ཆེ་མཆོག་ངོས་འཛིན་བྱུང་ཡོད་ན་ང་ཚོའི་ཆོས་བརྒྱུད་ལ་ཕན་བརླབ་ཆེན་པོ་བྱུང་ཡོད་ཀྱི་རེད། གང་ཡིན་ཞེ་ན། ཁོང་གི་ཡབ་ནས་ལ་དྭགས་དང་གར་ཞྭ་ཁུལ་དུ་བསྟན་པ་དར་ཁྱབ་གནང་ཡོད་ཅིང༌། ༧སྐྱབས་རྗེ་ཨ་ཕོ་རིན་པོ་ཆེའི་གདུང་སྲས་ཡིན་པའི་ཆ་ནས་༧རྒྱལ་དབང་འབྲུག་པའི་མཛད་འགན་རྣམས་བཞེས་ཐུབ་ཀྱི་རེད། བར་བར་ལ་ངས་འདི་འདྲ་དྲན་གྱི་འདུག ང་ལྟ་བུ་སྣང་བ་སྐྱིད་ལ་འཆར་གཞི་མི་ལྡན་པ་ཞིག་ལ་ལས་འགན་འདི་ཤིན་ཏུ་ནས་ལྕི་པོ་ཞིག་རེད། ངའི་ལྟོས་མེད་ཀྱི་རང་གཤིས་ཀྱིས་མཚན་གནས་འདི་བཟུང་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད། རང་ཁོངས་མཆེད་གྲོགས་དང་ཚོགས་པ་ཁག་ལ་མཐུན་རྐྱེན་ནར་མར་སྦྱར་རྒྱུ་ཡོད་པའི་ཆོས་བརྒྱུད་དབུ་འཁྲིད་གཞན་དང་མི་འདྲ་བར། ང་ལ་ནི་རང་ཉིད་ངོས་འཛིན་བྱུང་བའི་ཆོས་བརྒྱུད་དེར་ལྷག་བསམ་རྣམ་དག་གིས་འགན་འཁུར་ཞུ་བ་ཙམ་ལས་མཐུན་རྐྱེན་གང་ཡང་སྦྱར་རྒྱུ་མེད། ངའི་མཆེད་གྲོགས་རྣམས་ནས་འབད་བརྩོན་ཆེན་པོས་ཕན་ཚུན་རོགས་སྐྱོར་བྱེད་དགོས་པ་མཐོང་དུས་བློ་ཕམ་ཡོང་གི་འདུག ཆོས་བརྒྱུད་འདི་ནི་ཤིན་ཏུ་བརྗིད་པས་ང་ལྟ་བུ་འཇོན་ཐང་མེད་ཅིང་དབུ་འཁྲིད་ཀྱི་མིང་འཁུར་ནས་གཞན་མགོ་བསྐོར་མཁན་ཞིག་ལ་ལས་འགན་ཧ་ཅང་ལྗིད་པོ་ཡིན། གལ་ཏེ་འོས་བསྡུའི་ཐོག་ནས་ཡང་སྲིད་བདམ་རྒྱུ་ཡིན་ན་མཚན་གནས་འདི་ཐོག་ང་བསླེབ་ཐབས་མེད། མི་འཇོན་ཐང་ཆེ་ལ་འབྱོར་པ་ཆེ་བ། སྒྲིག་འཆར་ལྡན་པ། ཐབས་ཤེས་ཟབ་པ་ཞིག་གིས་མཚན་གནས་འཁུར་ནས་ཚང་མ་དགའ་པོ་བཟོ་ཐུབ་པ་དང༌། དཔལ་འབྱོར་དང་མཐུན་རྐྱེན་གྱི་ཆར་པ་དབབ་ཐུབ་པ་ཞིག་ཡོང་ངེས་རེད། སྐབས་རེ་འདི་འདྲ་བསམ་གྱི་འདུག

ངས་འདི་འདྲ་སྐབས་རེ་ཙམ་མ་གཏོགས་ཤོད་ཀྱི་མེད། ང་ཚོའི་ཆོས་བརྒྱུད་ཆེན་པོ་འདི་འདྲ་ཞིག་འཇིག་རྟེན་གྱི་བྱ་བ་འདི་རིགས་ལ་སེམས་འཁྲལ་བྱེད་དགོས་པ་ནི་བློ་ཕམ་འོས་པ་ཞིག་རེད། ཆོས་བརྒྱུད་འདིས་སེམས་ཅན་ལ་ཕན་གྱི་ཡོད་ན་ང་ཚོ་ཚང་མས་ཆོས་བརྒྱུད་འདི་ཉིད་གཅེས་འཛིན་དར་སྤེལ་ཆེད་འབད་རྩོལ་བྱེད་དགོས་པ་ཡིན། ངའི་མཆེད་གྲོགས་མང་པོ་ཞིག་ནས་ང་ཚོའི་ཆོས་བརྒྱུད་འདི་ཉིད་ཉམས་རྒུད་མི་ཡོང་མཆེད་ཕན་ཚུན་རྒྱབ་སྐྱོར་གནང་བཞིན་ཡོད། དཔེར་ན། སྲས་རིན་པོ་ཆེ་ང་གཉིས་གྲོགས་པོ་ཉེ་པོ་ཡིན་པ་དང༌། ང་གཉིས་ཀྱི་འབྲེལ་བ་ལ་བརྟེན་ནས་སྲས་རིན་པོ་ཆེས་ཆོས་བརྒྱུད་འདི་ལ་སྨན་པའི་ཞབས་ཏོག་ཞུ་རྒྱུའི་འདུན་པ་ཆེན་པོ་ཡོད་པ་རེད། ངེད་གཉིས་ནས་དཔལ་འབྱོར་ཐོག་ནས་ཕན་ཚུན་རོགས་སྐྱོར་བྱེད་མི་ཐུབ་ནའང་་བསམ་བློའི་ཐོག་ཕན་ཚུན་རྒྱབ་སྐྱོར་བྱེད་ཡོད། སྙིགས་མའི་དུས་འདིར་བླ་མ་མཚན་ལྡན་ཞིག་བྱེད་པར་དཀའ་ངལ་ཆེན་པོ་ཡོད། ང་ཚོའི་སློབ་མ་དང་གྲོགས་པོ་ཚོས་ཐར་པའི་གོ་འཕང་ཐོབ་ཕྱིར་ང་ཚོར་རེ་བ་བྱེད་ཀྱི་ཡོད་སྟབས་ཁོང་ཚོ་མགོ་སྐོར་གཏོང་མི་རུང༌། འཇིག་རྟེན་གྱི་ཐོབ་དང་ཁེ་ཕན་ཆེད་གཞན་མགོ་སྐོར་བཏང་ན་ང་ཚོ་དམྱལ་བར་ལྷུང་རྒྱུ་ཡིན་པ་དང༌། ང་ཚོས་མི་གཞན་བློས་བཏང་བ་ཙམ་མིན་པར་རང་ཉིད་བློས་གཏོང་བ་ཡིན།

ཕྱི་རྒྱལ་བ་འགའ་ནས་ངའི་སྒྲིག་འཛུགས་ལ་དྲི་བ་ཁྱད་མཚར་དེ་འདྲ་དྲི་གི་འདུག ཁོང་ཚོས། ཁྱེད་ཚོ་ནང་པའི་སྒྲིག་འཛུགས་ཤིག་ཡིན་པས་སྦྱིན་པ་གཏོང་དགོས་རེད། གཞན་ལ་་བཟང་པོ་བྱེད་དགོས། ང་ཚོི་་ཉམས་ཐག་ལ་ཁ་ལག་རིན་མེད་སྤྲོད་དགོས། ཞེས་སོགས་ཟེར་གྱིས། དྭང་བླང་བ་འགའ་ནས་སྐད་ཆ་འདི་འདྲ་ཤོད་ཀྱི་འདུག་པ་གོ་དུས་ང་ཧང་སང་བྱུང༌། དྭང་བླང་བ་འགའ་ཤས་ཀྱིས། ང་ཚོས་ལས་ཀ་དང༌། ཁང་པ། ཁྱིམ་ཚང་ཡོངས་རྫོགས་བཞག་ནས་དྭང་བླང་ལས་ཀ་བྱེད་པར་ཡོང་བ་ཡིན་པས་ཁྱེད་ཚོས་ང་ཚོ་གསོ་དགོས་ཀྱི་རེད་ཅེས་ཟེར་གྱིས། ངས་རྒྱུན་དུ་ངའི་སློབ་མ་དང་གྲོགས་པོ་དྭང་བླང་བྱེད་པར་ཡོང་མཁན་རྣམས་ང་དང་ངའི་མཆེད་གྲོགས་ཚོ་ལས་འབྱོར་པ་ཆེ་བ་ཡོད་ཤག་བྱེད་ཀྱི་ཡོད། ཁོང་ཚོར་ཕྲུག་གུ་གཅིག་གམ། མང་ན་གསུམ་དང་ཕ་མ་བཅས་ལས་བལྟ་དགོས་མེད་ཅིང༌། ང་དང་ངའི་མཆེད་གྲོགས་ཚོས་ཉིན་ལྟར་གྲྭ་བཙུན་བརྒྱ་ཕྲག་ཁ་ཤས་ལ་འཚོ་བ་སྦྱར་དགོས་པ་ཡིན། དེ་འདྲ་སོང་ཙང་དེང་སང་གི་བླ་མ་རྣམས་ནས་ཆོས་བཤད་དགོས་པ་ཙམ་མ་ཟད་འཚོ་བ་བསྒྲུབ་དགོས་པ་དང༌། རིན་མེད་ཁ་ཟས་དགོས་པའི་དྭང་བླང་བ་ཚོའི་འཚོ་བའི་སེམས་འཁྲལ་ཡང་བྱེད་དགོས་པ་རེད། དྭང་བླང་ཞེས་པ་ནི་མ་སྐུལ་དྭང་བླང་གིས་ཞབས་ཞུ་བྱེད་པ་ཞིག་ལ་ཟེར་བ་ཡིན་ན། དྭང་བླང་ཞབས་ཞུ་བྱེད་རྒྱུར་གྲ་སྒྲིག་མེད་ན་ཨུ་ཚུགས་བྱེད་དགོས་དོན་མེད། དེ་མིན་རྐྱེན་སྣ་ཚོགས་འཕྲད་དེ་ཚོགས་གསོག་རྒྱུར་བར་ཆད་ཡོང་བ་ཡིན་པས་བྱིན་རླབས་ག་ནས་འཇུག ཉམས་ཐག་ཡིན རོགས་སྐྱོར་དགོས་ཞེས་མ་བཤད་གོང་རང་གི་ཀུན་སློང་ལ་བརྟགས་དཔྱད་བྱེད་དགོས། སེར་སྣས་བསོད་ནམས་གསོག་རྒྱུར་འགོག་རྐྱེན་བྱེད་ཀྱི་འདུག་གམ། དངོས་འབྲེལ་ཉམས་ཐག་ཉིན་བརྟགས་དགོས། རང་ཉིད་ཀྱིས་ཐུབ་ཚོད་དེ་ཕུལ་བ་ལས་ཚད་ལས་བརྒལ་བ་ཕུལ་ཏེ་འགྱོད་པ་བྱེད་མི་རུང་ཞེས་ངས་རྒྱུན་དུ་ཟེར་གྱི་ཡོད། དགེ་བའི་ལས་ཤིག་བྱས་རྗེས་འགྱོད་པ་བྱེད་པ་ནི་ལས་ངན་གསོག་པ་ཡིན། དྭང་བླང་བ་ཞིག་བྱེད་པར་བཟོད་སྲན་ཆེ་བ། གོ་རྟེོགས་ཆེ་བ། སྙིང་རྗེ་ཆེ་བ། ཤེས་རབ་ཆེ་བ་བཅས་དགོས་པ་ལས། རང་ཉིད་ལ་དམིགས་བསལ་ཐོབ་ཐང་ཐོབ་པའི་ཐབས་ལམ་ཞིག་ཡིན། ང་ཚོའི་སྒྲིག་འཛུགས་ནི་རྣལ་འབྱོར་བའི་སྒྲིག་འཛགས་ཤིག་ཡིན་པ་དང༌། ཀུན་སློང་རྣམ་དག་ཡོད་ཅིང་དམིགས་བསལ་ཐོབ་ཐང་གི་རེ་བ་མེད་ན་དྭང་བླང་བ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཉམས་ལེན་ཞིག་ཡིན་པ་དང༌། དཀའ་ངལ་མང་པོ་གདོང་ལེན་བྱེད་དགོས་པ་ཡིན། བསོད་ནམས་གནམ་ནས་ནས་མི་བབས་པས་དཀའ་བ་སྤྱད་ནས་གསོག་དགོས། དཀའ་ལས་མེད་པར་འབྲས་བུ་མི་ཐོབ།

ཡང་འདྲ་པར་འདི་ལ་བལྟ་དུས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ངེད་གཉིས་ཀྱི་དམིགས་བསལ་འབྲེལ་བ་དེ་འཚོར་བྱུང༌། ཁོང་ཕྱིའི་ཀུན་སྤྱོད་ཡག་པོ་མེད་ཅིང་འཚུབ་པོ་ཡོད་ནའང་ང་ལ་འཚུབ་པོ་གཏན་ནས་བྱེད་བཅུག་གི་མེད་ཅིང༌། ཁོང་གིས། ཁྱོད་ཀྱིས་ངས་བྱས་པ་འདྲ་པོ་བྱས་ན་ང་གཉིས་ཚེ་རབས་ནས་ཚེ་རབས་ཐུག་གི་མ་རེད། ཅེས་གསུངས་མྱོང༌། འདི་ལ་གོ་བ་ཆེན་པོ་ཡོད། ཁོང་སྐྱེ་བ་རྗེས་མར་ང་ལ་རོགས་བྱེད་པར་ཕེབས་རྒྱུ་ཡིན་པའི་བརྡ་རེད། སྤྱིར་བཏང་ཁོང་སྒྲིག་ལམ་ཀུན་སྤྱོད་ཡག་པོ་མི་སྲུང་བ་ལྐོག་འགྱུར་གྱི་རྒྱུ་མཚན་གང་ཞིག་ཡིན་རུང༌། ཐུགས་གཏིང་ནས་ང་དང་ཆོས་བརྒྱུད་ལ་ཤ་ཚའི་བཀའ་མོལ་འདི་འདྲ་གནང་གི་ཡོད། ཁོང་སྐྱེ་བ་ནས་སྐྱེ་བར་རང་གི་ཆོས་བརྒྱུད་འཛིན་སྐྱོང་ཆེད་ང་ལ་རོགས་སྐྱོར་གནང་བར་ཕེབས་འདུན་གནང་གི་ཡོད་ན། ཁོང་གི་ཡང་སྲིད་སླར་ཡང་ཕེབས་པ་དེར་ཡ་མཚན་རྒྱུ་མི་འདུག

ཚང་མས་མཁྱེན་གསལ་ལྟར་འབྲུག་པ་ཨ་མི་རི་ཀའི་སློབ་མ་དང་གྲོགས་པོ་མཉམ་ང་ཚོས་ཆོས་འབྲེལ་ཟམ་མོ་ཞིག་ད་ལྟ་བསྒྲུབས་ཙམ་རེད། ཨ་མི་རི་ཀའི་ཁུལ་དུ་སློབ་མ་མང་པོ་ཞིག་ཡོད་སྣང་མ་བྱུང་བས་ད་ལམ་ཉམས་ལེན་ལ་གཞོལ་བའི་སློབ་མ་མང་པོ་མཐོང་ནས་དགའ་པོ་བྱུང༌། སློབ་མ་རྣམ་དག་གིས་འཁོར་ཡུག་དགེ་མཚན་ཅན་བསྐྲུན་པ་དང༌། དེ་ནི་ངག་བཅད་ཀྱི་སྡོམ་པ་ལ་བརྟེན་ནས་བྱུང་བར་སེམས། གལ་ཏེ་ང་ཚོས་ཉིན་གཅིག་ལ་ཆུ་ཚོད་གཅིག་ངག་བཅད་བྱས་ནས་སྡོད་ཐུབ་ན་རང་རྒྱུད་ཀྱི་རྣམ་དཔྱོད་ད་ལྟ་ལས་ལྷག་པ་རྟོགས་ཐུབ་ངེས་རེད། ང་ཚོས་རྒྱུན་དུ་གཞན་སྐྱོན་གླེང་རྒྱུར་དུས་ཚོད་མང་པོ་ཆུད་ཟོས་གཏོང་གི་ཡོད་ཅིང༌། དེ་དང་མཉམ་དུ་རང་གི་ནུས་སྟོབས་ཀྱང་ཆུད་ཟོས་གཏོང་གི་ཡོད། མི་གཞན་གྱི་སྐྱོན་རྐྱང་རྐྱང་གླེན་བཞིན་དུ་མི་དེ་ཚོས་མ་འཚོར་བའི་རེ་བ་བྱེད་པ་ནི་བྱབ་ཆུང་རེད། གང་ཡིན་ཟེར་ན། སྐད་ཆ་རིམ་བཞིན་ཁྱབ་ནས་མཐའ་མ་རང་ཉིད་གྲོགས་མེད་ཁེར་རྐྱང་ལུས་ཀྱི་རེད། དེ་འདྲ་སོང་ཙང༌། ཁྱེད་ཚོ་ཁ་ཕྱི་ལ་སློག་ཏེ་བལྟ་མཁན་ཚོས་གོ་སྐབས་འདི་ཟིན་ནས་ཁ་ནང་ལ་བསྐོར་ནས་རང་རྒྱུད་ལ་བརྟགས་དགོས། རང་རྒྱུད་ཡར་རྒྱས་ཕྱིན་ན་ཕྱིའི་གནས་སྟངས་རང་བཞིན་གྱིས་ཡར་རྒྱས་འགྲོ་གི་རེད།

༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་ནས་ཆོས་འཆད་བཟང་པོ་གནང་ཞིང་ང་ལ་ཉིན་ལྟར་ཆུ་ཚོད་འགའ་ངལ་གསོ་དང་ཨེ་ཤིའི་སྐོར་བསྐྱོད་དང་འབྲེལ་བའི་གྲ་སྒྲིག་བྱེད་རྒྱུའི་དུས་ཚོད་ཐོབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ནི་དགེ་བའི་བཤེས་གཉེན་བཟང་པོ་ཞིག་ཏུ་འགྱུར་བཞིན་འདུག་པར་དགའ་སྤོབས་ཆེ། ཁོང་གིས་ངའི་ཆོས་བཤད་ཉན་ཅིང་དེ་ལས་སྦྱངས་པ་ཡིན་གསུངས་ཀྱི་འདུག་ཀྱང༌། དོན་དངོས་ནི། ཁོང་ནས་སྐྱེ་བ་མང་པོ་ཐུགས་རྒྱུད་སྦྱང་ཞིང་སེམས་ཅན་གྱི་དོན་འབའ་ཞིག་མཛད་པ་དེ་ལས་རྩལ་དེ་ཐོན་པ་ཞིག་རེད། ཁོང་གི་སྐུ་སྐྱེ་གོང་མ་རྣམས་དཔལ་ལྡན་འབྲུག་པའི་ཆོས་བརྒྱུད་ཀྱི་རྣལ་འབྱོར་བའི་བརྒྱུད་པ་འཛིན་མཁན་བླ་ཆེན་འབའ་ཞིག་ཡིན། དེས་ན་ཁོང་ལ་གཞན་གྱི་སྣེ་འཁྲིད་དང་ལམ་སྟོན་གནང་རྒྱུར་ནུས་པ་ཐོགས་པ་མེད་པ་ཡོད་པ་ནི་ཡ་མཚན་འོས་པ་ཞིག་མ་ཡིན། རྨོངས་པ་བདག་ལྟ་བུས་ཁོང་ནས་དུས་ཚོད་ཐུང་ཐུང་ཞིག་གི་ནང་རྩལ་འདི་འདྲ་གང་འདྲ་སྦྱང་པ་ཡིན་ནམ་བསམ་གྱི་རེད། ད་ལྟ་ཁོང་གིས་འབྲུག་ཡུལ་ནང་གོམ་འགྲུལ་གནས་སྐོར་ཞིག་འཁྲིད་བཞིན་པ་ཡིན། ད་ལྟ་ག་པར་འབྱོར་ཡོད་མི་ཤེས་ཀྱང་ཁོང་གིས་ངེད་ལ་ཁོང་དང་ཁོང་གི་འཁོར་བཅས་ཀྱི་ཆེད་ཐུགས་སྨོན་སྐྱབས་འཇུག་གནང་དགོས་གསུངས་བྱུང་བས། ཁོང་ཀུན་སྤྲོ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་ང་ཚོས་སྨོན་ལམ་གདབ་དགོས།

ང་ཚོའི་བཙུན་མ་ ༡༠༨ བེཏིནམ་དང་ཐེའི་ཝན་ལ་བསྐྱོད་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དང༌། ཁོང་ཚོ་ཕལ་ཆེ་བ་ནི་ཕྱི་ལ་རྒྱལ་ལ་བསྐྱོད་པ་ཐེངས་དང་པོ་ཡིན་པས་ངའི་སློབ་མ་དང་གྲོགས་པོ་ཚོས་ཁོང་ཚོའི་སྐོར་བསྐྱོད་འདི་ལམ་ལྷོང་ཡོང་རྒྱུར་རྒྱབ་སྐྱོར་གང་དྲག་བྱེད་པའི་རེ་བ་ཡོད། ང་ཚོས་ཕན་ཚུན་རྒྱབ་སྐྱོར་ངེས་པར་བྱེད་དགོས། ཁོང་ཚོ་བཙུན་མ་ཡིན་རུང་མི་རྣམས་ནས་ཁོང་ཚོ་བུ་མོ་སྤྱིར་བཏང་བར་བརྩི་དགོས། ཁོང་ཚོར་དམིགས་བསལ་གྱི་ཁྱད་ཡོན་ཡོད་པ་ཞིག་ཏུ་རྩིས་ན་རང་ཉིད་ལོགས་སུ་ལུས་ཀྱི་རེད། ང་ཚོའི་བཙུན་མ་རྣམས་ལ་ཡོད་པའི་ནུས་པ་དེ་བུད་མེད་ཀུན་གྱི་རྒྱུད་ལ་ཡོད་པ་སྟོན་ཕྱིར་ད་ལམ་ངས་བཙུན་མ་རྣམས་སྐོར་བསྐྱོད་ལ་འཁྲིད་ཀྱི་ཡོད།