༢༠༡༡ གསར་མཛོད།

ངའི་སྙིང་དབུས་ནས།

༄༅། །བླ་མ་མཚན་ལྡན་སངས་རྒྱས་དངོས་དང་མཇལ་ཞིང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གི་མི་ཚེ་སྤྱད་ནུས་ན་མི་ཚེ་དེ་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པ་རེད། བླ་མ་ནི་ཀུན་ཁྱབ་ཡིན་པས། རང་གི་བླ་མར་སྙིང་ཐག་པ་ནས་དད་མོས་རྩེ་གཅིག་ཏུ་ཡོད་ན་ཆོས་འཇིག་གཉིས་ཀྱི་བྱ་བར་ཁོང་གིས་གྲོགས་མཛད་ཀྱི་རེད།

ང་ནི་སྐྱོན་མང་པོ་དང་ལྡན་ཞིང༌། བླ་མའི་བཀའ་བཞིན་སྒྲུབ་པ་ཉམས་ལེན་དང་སེམས་ཅན་གྱི་དོན་དེ་ཙམ་བསྒྲུབ་ཐུབ་ཀྱི་མེད་ཅིང༌། དེང་དུས་ཀྱི་མི་མང་པོ་ཞིག་དང་འདྲ་བར་ངས་ཀྱང་ལས་ཀ་དགོས་གལ་གོ་རིམ་བཟོས་ཡོད་སྟབས་ཆོས་པ་ཡག་པོ་ཞིག་མིན་པ་འདྲ་དྲན་གྱིས། འདས་པའི་བརྒྱ་ཕྲག་དང་ད་ལྟའི་བརྒྱ་ཕྲག་ནང་བཞུགས་པའི་བླ་མ་སྐྱེས་ཆེན་འགའ་དང་མཇལ་མྱོང་བས་ང་རང་བསོད་ནམས་ཆེན་པོ་ཡིན་སྙམ་གྱིས། བླ་མ་འགའ་ནི་ད་ལྟའང་འཚོ་བཞུགས་ཀྱིས་ང་ལ་སེམས་ངོ་སྤྲོད་བཞིན་ཡོད།

ངས་སྔོན་དུ་ཞུས་པ་བཞིན་ང་མཚམས་ཐུང་ཐུང་ཞིག་བསྡད་པ་ཡིན་ཅིང༌། མཚམས་གྲོལ་ལ་ཉེ་བའི་ཉིན་རྒྱབ་ཚུ་ཚོད་གསུམ་པ་ཙམ་ལ་ངའི་ཉེ་གནས་ཀྱིས་སྒོ་བརྡུང་སྟེ་ངའི་རྩ་བའི་བླ་མའི་ཞབས་ཕྱི་མཇལ་དར་བསྣམས་ཏེ་བསླེབས་སོང་ཞེས་བརྗོད་བྱུང༌། ང་མཚམས་ལ་བསྡད་པ་དེ་ངའི་ཞབས་ཕྱི་ཙམ་ལ་མ་གཏོགས་སུ་ལའང་ཆ་རྒྱུས་མེད་ཅིང༌། མི་མང་པོ་ཞིག་ནས་ང་ཕྱི་ཡུལ་དུ་ཕྱིན་ཤག་བྱེད་ཀྱི་ཡོད་པ་རེད། ངའི་ཁོར་ཡུག་ཏུ་གཟུགས་མཐོང་རླུང་འཕྲིན་བཙུགས་ཡོད་ན་མ་གཏོགས་ངའི་རྩ་བའི་བླ་མ་དང་ཁོང་གི་ཞབས་ཕྱིས་ང་མཚམས་ལ་ཡོད་པ་ཤེས་ཐབས་མེད་པ་ལྟ་བུ་རེད། སྤྱིར་ངའི་མཚམས་ཡུན་དུས་ཚོད་བཅད་རྒྱ་ཡོད་ཀྱང་ངས་ནི་དུས་ཚོད་ག་འདྲ་ཕྱིན་དོ་སྣང་མ་བྱུང་མོད། ངའི་རྩ་བའི་བླ་མའི་ཞབས་ཕྱི་དེ་ཉིན་ཉིན་རྒྱབ་ཆུ་ཚོད་གསུམ་པར་མཇལ་དར་འཁྱེར་ཏེ་འབྱོར་བ་དེ་མཚམས་གྲོལ་བའི་དུས་ཚོད་ཏག་ཏག་འཁེལ་འདུག

འདིས་བླ་མ་ནི་ཐམས་ཅད་མཁྱེན་པ་ཡིན་པས་གཟུགས་མཐོང་རླུང་འཕྲིན་བཙུགས་པ་བཞིན་ཚང་མ་གཟིགས་པ་དང༌། དད་དམ་གཙང་མ་ཡོད་ན་བླ་མ་རང་དང་མཉམ་དུ་རྒྱུན་དུ་ཡོད་པ་བསྟན་པ་ཡིན། བླ་མ་མཁྱེན་ནོ།

ང་དེ་འཕྲལ་ངའི་རྩ་བའི་བླ་མ་མཇལ་ཁར་བཅར་བ་ཡིན། ཁོང་བར་ལམ་ཞིག་ནས་སྐུ་ཁམས་བདེ་པོ་མེད་པས་སྙན་བསུན་ཞུ་འདོད་མ་བྱུང་སྟབས་ཡུན་རིང་མཇལ་བཅར་ཞུ་རྒྱུ་མ་བྱུང༌། ཁོང་སྐུ་དངོས་སུ་མཇལ་སྟེ་ང་རང་ཤིནྟུ་ནས་སེམས་འགུལ་ཐེབས་པ་བྱུང༌། ང་གཟིགས་འཕྲལ་ཐུགས་དགྱེས་ཉམས་ཆེན་པོས་ང་ལ་ཡག་པོ་ཞེ་དྲག་བྱུང༌། ཐུགས་རྗེ་ཆེ་ཞེས་གསུངས་བྱུང༌། སློབ་མ་ཞིག་གིས་ཀུན་སློང་རྣམ་དག་གིས་སྒྲུབ་པ་ཉམས་ལེན་བྱས་ན་བླ་མས་མཁྱེན་ཅིང་དགྱེས་འཚོར་ཆེན་པོ་ཡོང་བ་ཡིན་ན། བླ་མ་ཐུགས་དགྱེས་པ་ལས་ལྷག་པ་ཞིག་དགོས་ཡག་མེད། ཆོས་བྱེད་སྐབས་རེ་དྭོགས་མ་སྤང་ན་བར་ཆད་ཡོང་བ་ཡིན། ངེད་ནས་ཀྱང་རེ་དྭོགས་ཀྱིས་རྐྱེན་པས་གོ་སྐབས་མང་པོ་ཤོར་མྱོང༌། སངས་རྒྱས་ཀྱིས་ཀྱང་སྒྲུབ་པའི་མཆོད་པ་ནི་མཆོད་པ་ཀུན་གྱི་མཆོག་ཡིན་པར་གསུངས་ཡོད། ང་མཚམས་ཐུང་ངུ་ཞིག་བསྡད་པར་ངའི་བླ་མ་རིན་པོ་ཆེ་འདི་ཙམ་ཐུགས་དགྱེས་པ་མཐོང་ནས་མིག་ཆུ་ཤོར་བྱུང༌།

བླ་མ་རིན་པོ་ཆེའི་ཞབས་ཕྱིས་ང་ལ། ཁོང་སྙུང་གཞིས་རྐྱེན་པས་ཡུན་རིང་ཞལ་འཛུམ་པ་དང་བཞད་བགད་སོགས་གནང་མེད་པས། དེ་རིང་ཁྱེད་མཇལ་བཅར་གྱིས་རིན་པོ་ཆེ་ཐུགས་སྤྲོ་ཉམས་ཆེན་པོ་གནང་གི་འདུག་པར་ཐུགས་རྗེ་ཆེ་ཞེས་བརྗོད་བྱུང༌། ང་ཚོ་བླ་མ་མཚན་ལྡན་སངས་རྒྱས་ཀྱི་ས་ལ་གཤེགས་པ་མཇལ་མྱོང་མཁན་ཚོས་མི་ཚེ་འཁྲོག་བརླག་གཏོང་མི་རུང༌།

བརྙན་འཕྲིན་ནང་དུད་འགྲོ་རྣམས་འཚོ་བའི་ཆེད་གཅིག་གིས་གཅིག་ཟ་བའི་ལྟད་མོ་མཐོང་དུས་ང་ཚོ་མི་ལུས་ཐོབ་པ་བསོད་ནམས་ཆེན་པོ་རེད་དྲན་གྱིས། སྟག་དང༌། གཟིག ཆུ་སྲིང༌། འདམ་སེངོ་སོགས་དུད་འགྲོའི་རིགས་ལ་ང་ཚོ་མི་ལྟ་བུའི་ལས་རྒྱུ་འབྲས་ཤེས་པའི་རིག་སྟོབས་མེད་ཅིང༌། སྲོག་གཅོད་བྱེད་རྒྱུའི་བག་ཆགས་ངན་པ་ཡོད་པ་རེད། དུད་འགྲོ་འགའ་ནི་འཚོ་བའི་ཆེད་ལོ་ལྟར་ཆུ་སྲིང་གིས་ཁེངས་པའི་ཆུ་བོ་བརྒལ་ཏེ་བྱང་ནས་ལྷོར་འགྲུལ་བ་དང༌། འགྲུལ་ལམ་དུ་དུད་འགྲོ་མང་པོ་ཞིག་གི་སྲོག་ཤོར་གྱི་ཡོད་རུང་ཕྱི་ལོ་སླར་ཡང་ལམ་དེ་ཀ་རྒྱུད་དེ་འགྲོ་བ་རེད། དུད་འགྲོ་དེ་དག་ལ་འཁོར་རྒྱུན་འདི་ནས་ཐར་ཐབས་མེད་པ་རེད།

ང་ཚོ་འགྲོ་བ་མིའི་རིགས་ལ་ལས་རྒྱུ་འབྲས་ཤེས་པ་དང་འཁོར་བ་ལས་གྲོལ་ཏེ་མཐར་ཐུག་རྣམ་མཁྱེན་གྱི་གོ་འཕང་ཐོབ་རྒྱུའི་རིག་སྟོབས་ཡོད། ང་ཚོ་སྐལ་ལྡན་འགའ་ལ། རང་གི་བདེ་བ་སྤང་སྟེ་འཁོར་བའི་སེམས་ཅན་གྲོལ་ཕྱིར་བསམ་བཞིན་སྐྱེ་བ་བཞེས་པའི་སྐྱེས་ཆེན་དམ་པ་རྣམས་མཇལ་རྒྱུའི་གོ་སྐབས་ཡོད་ཅིང༌། འགས་འཇམ་པོའི་ངང་ལམ་སྟོན་མཛད་པ་དང༌། འགས་དྲག་པོའི་ངང་མཛད་པས། ང་ཚོར་མི་ཚེ་འདིའི་ནང་གོ་སྐབས་ལན་གཅིག་མ་གཏོགས་མེད།

རང་གི་ཉམས་མྱོང་ཆུང་ཙག་གླེང་བ་དང་སྦྲགས་འཛམ་གླིང་འདི་ནང་བསྟན་འཛིན་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་སྨོན་སྙིང་ནས་འདེབས་པ་ལགས་སོ།། །།