༢༠༡༡ གསར་མཛོད།

གཉིད་ལས་ལོངས།

༄༅། །ངའི་མཚམས་དེ་དུས་ཚོད་ཐུང་ངུ་ཞིག་ལས་བྱུང་མ་སོང་སྙམ་པ་ཞིག་བྱུང་ཞིང༌། འཕྲལ་དུ་འཁོར་བའི་ནང་ཞུགས་པ་ཡིན་པས་དེར་གོམས་འདྲིས་བྱ་རྒྱུར་ཡུན་ཙམ་འགོར་སོང༌། དངུལ་ཊམ་གྱི་ཕྱོགས་གཅིག་ནི་ཐར་པ་ཡིན་པ་དང༌། ཕྱོགས་གཞན་དེ་འཁོར་བ་ཡིན་པས། གང་ལྟར་དེ་གཉིས་དངུལ་ཊམ་གཅིག་རེད། མི་ཚེ་ནི་ཐར་པ་དང་འཁོར་བ་ཟུང་འཇུག་རེད། ཆོས་ནང་སྐབས་རེ་ཟུང་འཇུག་ཞེས་བརྗོད་པ་རེད། དེ་ནི་ཟུང་འཇུག་རོ་གཅིག་པ་རེད། ལས་སླ་མདོག་ཁ་པོ་ཡོད་ཀྱང་མི་མང་པོ་ཞིག་གིས་མཚམས་འཇུག་སྒྲོལ་སྐོར་གླེང་སློང་ཆེན་པོ་བྱེད་ཅིང་གང་དུ་ཡང་བསླེབ་ཀྱི་མེད། ངས་མཚམས་བསྡུས་བསྡུས་འདི་ལས་བྱུང་བའི་དགེ་རྩ་ཐམས་ཅད་ཚེ་འདི་ནང་རྟོགས་པ་ཕྲན་ཙམ་ཐོབ་རེ་བྱེད་མཁན་ཀུན་ལ་བསྔོའོ།

ངས་རྣམ་ཀུན་ནས་རང་རྒྱུད་ལ་རྟོགས་པ་ཇི་ཡོད་ཐམས་ཅད་རྩ་བའི་བླ་མ་རྣམས་བྱིན་མཐུ་ལ་བརྟེན་ནས་བྱུང་བ་ཞིག་ལས་རང་གིས་བསྒྲུབས་པ་ཞིག་མིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་རྣམ་པའི་ཐུགས་བརྩེའི་ལམ་སྟོན་མེད་པར་ཐབས་ཡང་དག་ཤེས་རྒྱུ་ཁག་པོ་རེད། སྒེར་སེམས་མེད་པར་ང་ཚོར་དྲན་བསྐུལ་དང༌། ང་ཚོའི་ཀུན་སློང་ལ་དག་བཅོས། ང་ཚོར་ལམ་སྟོན་ཡང་དག་བྱེད་སུས་བྱེད་དམ། །རྟོགས་པ་མཐར་ཕྱིན་པའི་བླ་མ་འཚོ་ཞིང་བཞེད་པ་རྣམས་ཀྱིས་མཛད་པ་འདི་ལྟར་སྐྱོང་བ་ཡིན། སྐྱེས་བུ་དམ་པ་འདི་དག་དང་མཇལ་རྒྱུ་བྱུང་བ་ནི་ང་རའི་བསོད་བདེ་ཡིན་པར་སེམས་ཤིང༌། ཁོང་རྣམ་པ་ལས་ཐོབ་པའི་བཀའ་ཆོས་ཉམས་སུ་ལེན་རྒྱུར་འབད་པ་ཙམ་བྱེད་ཐུབ་པར་ཡང་དགའ་བ་སྒོམ་བཞིན་ཡོད། ཁོང་རྣམ་པའི་དུས་ཚོད་དང་ང་རང་གི་དུས་ཚོད་ཆུད་ཟོས་གཏོང་འདོད་མི་འདུག སྐད་ཅིག་ཉིད་དུ་འཆི་རྒྱུ་རེད་བསམ་བཞིན་འཚོ་སྡོད་བྱེད་དགོས། འདི་ལྟར་བྱས་ན་དུས་ཚོད་ཀྱི་རིན་ཐང་ཤེས་ཐུབ་ཅིང༌། དོན་མེད་ཀྱི་བྱ་བ་དང་དོན་མེད་ཀྱི་གཏམ་སྨྲ་བའི་ངང་དུས་ཚོད་ཆུད་ཟོས་གཏོང་མི་རུང་བའི་དྲན་བསྐུལ་ཐེབ་ཀྱི་རེད། དེ་མིན་རང་གི་མི་ཚེ་འཕྲོག་བརླག་འགྲོ་བ་དང༌། མི་རྟག་པ་བསླེབ་དུས་གྲ་སྒྲིག་མེད་པར་ལུས་ཀྱི་རེད། སྐབས་རེ་ངས་གྲོགས་པོ་ཚོར་ཤི་བའི་རྗེས་ཕན་ཐོག་ཡོད་པའི་ལས་ཀ་བྱེད་དགོས་རེད་ཅེས་བརྗོད་ཀྱི་ཡོད། ང་ཚོ་སྐྱེ་མ་ཐག་འཆི་བའི་ཕྱོགས་སུ་གོམ་པ་སྤོ་འགོ་བཙུགས་ཟིན་པ་རེད། སྐྱེ་བ་དང་འཆི་བ་ཡང་ཊམ་ཀའི་གཞོགས་གཉིས་རྒྱབ་མདུན་ལྟ་བུ་རེད། དོན་དེ་གོ་ཤེས་ཀྱིས་དོན་དུ་འཁྱོལ་བ་བྱེད་དགོས།

བདུན་ཕྲག་ཁ་ཤས་གོང་གྲོགས་པོ་འགའི་རོགས་རམ་ལ་བརྟེན་ནས་ང་ཚོས་འབྲུག་ཨ་མི་ཏ་བྷ་རི་བོར་རྔ་བོ་ཆེ་ཞིག་བཙུགས་པ་ཡིན། རྔ་ནི་ང་ཚོ་རྨོངས་གཉིད་དང༌། རྨི་ལམ། འཕྲུལ་སྣང་ལས་སློང་བ་མཚོན་པ་རེད། དེ་འདྲ་སོང་ཙང་དཔེ་ཆའི་ནང་རྔ་དང་ཆོས་གཉིས་ལ་ཡོན་ཏན་གཅིག་པ་ཡོད་སྐོར་གསུངས་ཡོད།

འབྲུག་ཨ་མི་ཏ་བྷ་རི་མགོ་ནི་ང་ཚོའི་ནང་གི་གོ་རྟོགས་བསྐུལ་སློང་ལ་སེམས་བསྐུལ་བྱེད་པའི་གནས་ཤིག་ཡིན། འབྲུག་ཨ་མི་ཏ་བྷ་རི་མགོའམ། ང་ཚོའི་དགོན་པ་དང་ཆོས་ཚོགས་སུ་མི་སུ་ཞིག་བསླེབ་ནའང་དེ་དག་གི་རྒྱུད་ལ་རྨོངས་གཉིད་སད་རྒྱུའི་བསྐུལ་མ་ཡོང་རྒྱུ་ནི་ང་དང༌། ང་ཚོའི་བླ་མ་དང་ཆོས་བྱེད་ཀུན་གྱི་སྨོན་འདུན་ཡིན། སྐབས་རེ་ཆོས་སྒོར་ཞུགས་རྗེས་ཀྱང་སྐྱེས་བུ་འགའ་འཕྲུལ་སྣང་དང་ཉོན་མོངས་ཀྱི་བག་ཆགས་ནང་ཚུད་པ་མཐོང་དུས་བློ་ཕམ་ཆེན་པོ་ཡོང་གི་འདུག ལྟ་བ་གསལ་དུ་འགྲོ་རྒྱུའི་ཚབ་ཏུ་འཆིང་བ་དམ་དུ་འགྲོ་བ་དང༌། བདག་འཛིན་ཆུང་དུ་གཏོང་རྒྱུའི་ཚབ་ཏུ་ཆོས་དེ་བདག་འཛིན་ཆེ་རུ་གཏོང་བའི་ཁག་སྙད་ས་ཞིག་ཏུ་འགྱུར་གྱི་ཡོད། འདིས་གང་ཟག་དེས་ཆོས་ཉམས་ལེན་ཡང་དག་བྱེད་ཀྱི་མེད་པའམ། ཡང་ན་ཆོས་ཀྱི་དོན་མ་རྟོགས་པ་མཚོན་གྱི་ཡོད།

ཆོས་ཞེས་པ་དེ་ནི་ནང་སངས་རྒྱས་པའི་བདེན་པ་ཁོ་ན་མིན་ཅིང༌། དེ་ནི་འཇིག་རྟེན་ཡོངས་ཁྱབ་ཀྱི་བདེན་པ་ཡིན་པས། ཆོས་ལུགས་དང་རིགས་རུས་ཅི་ཡིན་རུང་བདེན་པ་དེ་ཀུན་ཁྱབ་ཡིན། ང་ཚོ་རང་གི་གནས་སྟངས་དང་འཕྲུལ་སྣང་གིས་བཅིངས་བའི་རྐྱེན་གྱི་གཞི་རྩའི་གནས་ཚུལ་འདི་ཙམ་ཡང་རྟོགས་ཐུབ་ཀྱི་མེད་པས་ན། ང་ཚོ་རྨོངས་གཉིད་ལས་སློང་ཕྱིར་རྔ་ཆེན་ཞིག་དགོས་པ་རེད།

འཕྲུལ་སྣང་བསལ་བ་དང་ཆབ་ཅིག་སྡུག་བསྔལ་ཟད་པ་དང༌། ལོག་རྟོགས་བསལ་བ་དང་ཆབ་ཅིག་ང་ཚོ་སད་པ་རེད། ང་ཚོ་གཏན་དུ་རྨོངས་གཉིད་ཁུག་སྟེ་ཡོད་པས་ན། ང་ཚོ་གཉིད་ལས་སློང་ཕྱིར་རྔ་ཞིག་རྒྱུན་དུ་དགོས་པ་རེད། ང་ཚོ་སད་དེ་ཡོད་པའི་དུས་ཚོད་དེ་ནི་ཧ་ཅང་ཐུང་ཐུང་ཡིན་པ་དང༌། དེ་རྒྱུན་བསྲིང་རྒྱུར་དཀའ་ངལ་ཆེན་པོ་ཡོད། ང་ཚོའི་མི་ཚེའི་ནང་དུས་ཚོད་བརྒྱ་ཆ་ ༩༠ དགོས་མེད་ཀྱི་ངལ་བ་དང༌། སེམས་འཁྲལ། འདོད་པ་སོགས་ཀྱི་ཕྱིར་གཏོང་གི་ཡོད། རྔ་བརྡུང་མཁན་ཞིག་ཡོད་ནའང་དེ་དག་དོ་སྣང་བྱེད་ཀྱི་མེད་པ་རེད། ང་ཚོའི་མི་ཚེ་དེ་འདི་འདྲ་སེ་རྫོགས་འགྲོ་གི་ཡོད། ཚེ་རབས་ནས་ཚེ་རབས་ང་ཚོ་འཕྲུལ་སྣང་གི་བྱ་བར་མགོ་འཁོར་ཞིང་གོ་སྐབས་ཤོར་བཞིན་ཡོང་བ་རེད། མི་ཚེ་དེ་རྨི་ལམ་ངན་པ་རྫོགས་མཐའ་མེད་པ་ལྟ་བུ་ལ་ཞིག་ལ་གྱུར་བས། སྐྱེ་བ་བརྒྱ་བསླང་ནའང་རྨོངས་གཉིད་སད་ཀྱི་མ་རེད།

ད་ཆ་ང་ཚོ་མང་པོ་ཞིག་དུང་འཁོར་གྱི་ལས་འཆར་དེར་སེམས་ངར་སྐྱེད་བཞིན་ཡོད། འབྲུག་པ་ཨེ་ཤི་ཡ་དང་འབྲུག་པའི་ཆོས་ཚོགས་ཁག དེ་བཞིན་མི་སྒེར་བཅས་ཀྱི་རོགས་འདེགས་ལ་བརྟེན་ནས་ལས་འཆར་དེ་བཞིན་འགོག་རྐྱེན་མེད་པར་འགྲུབ་བཞིན་འདུག ལས་འཆར་དབུ་འཛུགས་མགྱོགས་པོ་བྱེད་རྒྱུ་རེད། ཚང་མས་མཁྱེན་གསལ་ལྟར་གཞུང་ཆོག་མཆན་རིགས་ཐོབ་རྒྱུར་མགོ་རྙོགས་ཆེན་པོ་ཡོད་ཀྱང༌། མི་མང་གི་འདོད་དོན་ཤུགས་ཆེ་བས་ལས་དོན་ཁག་འགོག་རྐྱེན་མེད་པར་འགྲུབ་བཞིན་འདུག འདོད་དོན་གྲུབ་པ་འདི་རིགས་ལ་ང་ཚོས་དཀོན་མཆོག་གསུམ་གྱི་བྱིན་མཐུའམ། ལྷ་ཡི་བྱིན་མཐུ་ཞེས་འབོད་པ་རེད། ངས་ནི་འདི་མིའི་འབད་རྩོལ་རེད་བསམ་གྱིས། ཚད་གཞི་མྱུར་པོ་ལོངས་པར་བརྟེན་མི་མང་པོ་ཞིག་ལས་འཆར་འདི་ནང་མཉམ་ཞུགས་ཐུབ་མེད་པ་རེད། འོན་ཀྱང་འབྲུག་ཨ་མི་ཏ་བྷ་རི་མགོའི་བཙུན་མ་ལྟ་བུའི་དགེ་འདུན་གྱི་སྡེ་ལ་རོགས་རམ་བྱ་འདུན་ཡོད་ན་ག་དུས་བྱས་ནའང་ཆོག་པ་རེད། བཙུན་མ་རྣམས་ནི་ཆོས་འཇིག་གཉིས་ཀའི་ཐད་འབད་པ་བྱེད་བཞིན་ཡོད། ཆ་རྐྱེན་མེད་པའི་རོགས་པ་བྱས་ན་རང་གི་འདོད་དོན་ཡང་དེ་བཞིན་འགྲུབ་ཀྱི་རེད། ཆ་རྐྱེན་སྟོན་པ་ནི་བཅད་མཚམས་བཟོ་བ་རེད། གང་ལྟར་ཡང༌། ངའི་གྲོགས་པོ་དང་སློབ་མ་ཚོས་ལས་འཆར་འདིར་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་འདུག་པར་དགའ་པོ་བྱུང༌། སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་འབྱོང་ཐབས་སུ་དམིགས་པའི་དུང་འཁོར་ལས་འཆར་འདིར་ང་ཚོ་ཚང་མས་མཐུན་འགྱུར་བྱེད་ཀྱི་ཡོད་པ་དྲན་བསྐུལ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། སེམས་ཅན་ཐམས་ཅད་ནང་ང་ཚོ་ཡང་ཚུད་ཡོད་པས། སམེས་ཅན་གཞན་ལས་ང་ཚོ་མཐོ་བའམ་དམན་པ་མིན། དུང་འཁོར་ལས་འཆར་ལ་རྒྱབ་སྐྱོར་བྱས་པའི་དགེ་རྩ་རང་ལས་ལྷག་པ་གཞན་གྱི་སྡིག་སྒྲིབ་འབྱོང་ཕྱིར་དམིགས་ན་སྒྲིབ་འབྱོང་འདི་ནི་གཞན་ལས་ནུས་སྟོབས་ཆེ་བ་ཡོད་རེད།

ང་ཚོ་མང་ཆེ་བ་རང་ཉིད་ཀྱི་བདེ་བའི་ཆེད་སྒེར་སེམས་ཆེན་པོས་ལས་ཀ་འདྲ་མིན་བྱེད་ཀྱི་ཡོད་པ་རེད། གཞན་ལ་བདེ་སྐྱིད་སྦྱིན་ཐུབ་ན་རང་ཉིད་ལ་བདེ་བ་ངོ་མ་ཐབ་ཀྱི་ཡོད་པ་དེ་ཤེས་ཀྱི་མེད་པ་རེད། འདི་བདེན་པ་ཡིན་མིན་རང་གིས་བརྟགས་ན་ཤེས་ཀྱི་རེད། བློ་སྟོབས་ཆེན་པོས་རང་གི་དགེ་རྩ་གཞན་ཕྱིར་བསྔོ་ན་རང་གི་དགེ་བ་མི་བྲི་བར་འགྱུར་ཆེ་བ་ཡོད་རེད། བློ་སྟོབས་ཇི་ཙམ་ཆེ་བ་དེ་ཙམ་གྱི་ཐོབ་ཆེ་བ་ཡོད། རེ་བ་དང་ཆ་རྐྱེན་མེད་པར་བྱིན་པ་དང་རོགས་བྱེད་པ་ནི་ཉམས་ལེན་རྨད་བྱུང་ཞིག་ཡིན་པ་དང༌། དེ་ལས་བྱུང་བའི་བདེ་བ་ནི་ཚད་བཟུང་མེད་པ་ཞིག་ཡིན། རྩིས་རྣོ་བའི་ཚོང་པ་ལྟ་བུ་བྱས་ཏེ་བཤད་ན། ཆ་རྐྱེན་མེད་པར་བྱིན་པའམ། རོགས་བྱས་ན། རང་ལ་དེའི་འབྲས་བུའང་ཆ་རྐྱེན་པར་ཐོབ་པ་ཡིན། འདི་ཚོང་དྲང་པོ་ཞིག་མ་རེད་དམ།