༢༠༡༡ གསར་མཛོད།

ལས་ནི་གཉིད་ཁུག་སྟེ་སྡོད་ཀྱི་མ་རེད།

༄༅། །ཀུན་གྱིས་ཤེས་གསལ་ལྟར་ལས་ལའང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱས་པའི་རིགས་མང་པོ་ཡོད། ལས་བཟང་པོར་འབྲས་བུ་བཟང་པོ་དང༌། ལས་ངན་པར་འབྲས་བུ་ངན་པ་ཡོང་བ་རེད། ངག་དང་ཡིད་ཀྱི་སྒོ་ནས་བསགས་པའི་ལས་འབྲས་ཀྱང་འདི་ནང་ཚུད་པ་ཡིན།

ལས་འབྲས་གཉིད་ཁུག་སྟེ་སྡོད་ཀྱི་མེད་པ་དེ་ཐག་ཆོད་པ་ཞིག་ཡིན་ཅིང༌། འཁོར་བ་མ་སྟོང་བར་ལས་ལ་ངལ་རྩོལ་ཉིན་མོ་ཞེས་པ་ལྟ་བུའི་དགུང་སེང་མེད། ལས་དང་འཁོར་བ་ཞེས་བསམ་མ་ཐག་ལས་ངན་བསགས་པ་རྣམས་མིའི་སེམས་ནང་ལ་འཆར་གྱི་ཡོད་ཀྱང༌། འདི་འདྲ་བྱེད་པ་ནི་དྲང་བདེན་མ་རེད་དྲན་གྱིས། འཁོར་བ་དང་ཐར་པ། བདེ་བ་དང་སྡུག་བསྔལ། དགའ་བ་དང་སྐྱོ་བ་སོགས་ནི་ལྟོས་བཅས་ཙམ་ཡིན། འཁོར་བའམ་སྡུག་བསྔལ་མ་མྱང་ན། ང་ཚོར་ཆོས་ཀྱི་ལམ་ལ་ཡར་རྒྱས་གཏོང་བའི་ཐབས་མི་རྟག་པ་དང༌། ངེས་འབྱུང༌། བདག་འཛིན་སྤང་རྒྱུ་སོགས་དྲན་བསྐུལ་བྱེད་མཁན་མེད།

ཆོས་ཉམས་ལེན་ལ་ཡར་རྒྱས་བགེགས་བར་མེད་ཅིང་མྱུར་པོ་ཡོང་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དགོས་པ་ཡིན། དེ་གཉིས་ནི་བྱ་ཡི་གཤོག་པ་ལྟར་གཉིས་ཀ་མཉམ་དུ་མེད་ཐབས་མེད་པ་རེད། ང་ཚོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བརྩོན་གྲུས་ཆེན་པོའི་སྒོ་ནས་བསྒྲུབ་དགོས་པ་རེད། བསོད་ནམས་ཡོད་ཀྱང་ཡེ་ཤེས་མེད་ན་ཕན་ཐོག་མེད་པ་དང༌། བསོད་ནམས་མེད་ན་ཡེ་ཤེས་ཡོད་པ་གཅིག་པུས་ཕན་ཐོག་མེད།

དཔེར་ན་ནད་པ་ཞིག་ལ་ཆ་བཞག་ན། ནད་དྲག་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་དགོས་པ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་གཉིས་ཀ་མཉམ་དུ་མེད་ན་ནད་བཅོས་པའི་ཐབས་མི་ཤེས་པའམ། ཡང་ཨེམ་རྗེ་འོས་ངེས་ཤིག་དང་མི་འཕྲད་པ། ཡང་ན་སྨན་ཁང་ནོར་བ་ཞིག་ཏུ་བསླེབ་པའམ། སྨན་ཚད་ནོར་ནས་བཟའ་བ་སོགས་ཡོང་གི་རེད།

ཆོས་ཕྱོགས་ནས་བཤད་ན། བླ་མ་མཚན་ལྡན་དང་མི་མཇལ་བ་དང༌། ཆོས་ཡང་དག་དང་མ་དག་དབྱེ་བ་འབྱེད་མི་ཤེས་པའི་སྐྱེ་བོ་དེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མེད་པར་ངོས་འཛིན་བྱེད་པ་རེད། ཡང་བླ་མ་མཚན་ལྡན་དང་མཇལ། བཀའ་ཆོས་ཡང་དག་པ་ཐོབ། ཆོས་གྲོགས་བཟང་པོ་དང་ལྷན་འགྲོགས་ཀྱང་ཆ་རྐྱེན་བཟང་པོ་འདི་འདྲ་ཐོབ་པར་དགའ་བ་སྒོམ་མ་ཤེས་པར་སྐྱོན་བརྗོད་དང༌། སྡུག་སྐད། གཏམ་འཆལ་སྨྲ་བ་སོགས་བྱེད་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མེད་པའི་རྟགས་ཡིན།

ང་ཚོས་རྒྱུན་དུ་རང་གི་སྡུག་བསྔལ་དང༌། དེང་སང་འཛམ་གླིང་ནང་ཡོང་བཞིན་པའི་རང་བྱུང་འཇིག་རྒུད། ནད་མུག་འཁྲུག་རྩོད་སོགས་ཀྱང་བསོད་ནམས་དང་ཡེ་ཤེས་གཉིས་མ་འཛོམས་པའི་རྒྱུ་རྐྱེན་དུ་མ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་ཤོད་ཀྱི་ཡོད། དེར་བརྟེན་སྡིག་སྒྲིབ་དག་པའི་ཐབས་ཤེས་མཁས་ལ་ཟབ་པ་ཞིག་བསྒྲུབ་དགོས་པ་རེད། ཐོག་མ་མེད་པ་ནས་ད་ལྟ་བར་བསགས་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་དག་ཐབས་བྱེད་དགོས་པ་རེད། ཆོས་བྱེད་པ་དང་ཆབས་ཅིག་ཏུ་སྡིག་པའི་ལས་སྤང་དགོས་པ་དང༌། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱས་པའི་མི་དགེ་བའི་ལས་ལ་འགྱོད་བཤག་དང་སླད་ནས་མི་བྱེད་པའི་དམ་བཅའ་བྱེད་དགོས་པ་རེད། དུས་དང་རྣམ་པ་ཀུན་ཏུ་སེམས་ཅན་གཞན་ལ་རོགས་ཕན་བྱེད་དགོས་པ་ནི་སྨྲོས་མི་དགོས་པ་ཞིག་རེད།

ལོ་ཤས་གོང་ནས་ངས་ཡིག་བརྒྱ་དུང་འཁོར་ཞིག་བཞེངས་ཆེད་གནས་རྩ་ཆེན་བྱིན་བརླབ་མ་ཉམས་པ་ཞིག་ཏུ་ས་ཆ་ཆུང་ཆུང་ཞིག་ཐོབ་ཐབས་འཚོལ་བལྟ་བྱས་པ་ཡིན། གང་སར་རང་བྱུང་འཇིག་པ་དང༌། འཁྲུགས་འཛིང་སོགས་དུས་མ་བདེ་བའི་གནས་ཚུལ་ཇི་སྙེད་ཅིག་ཡོང་བཞིན་པར་བརྟེན་དུང་འཁོར་དེ་མགྱོགས་ནས་མྱུར་དུ་བཞེངས་དགོས་ངེས་འདུག་བསམ་པ་བྱུང༌།

སྟབས་ལེགས་པ་ཞིག་ལ། ངའི་སེམས་ནང་ཛ་དྲག་གི་བསམ་བློ་འདི་ཤར་བའི་མོད་ལ་འཕགས་པ་ཤིང་དཀོན་མཆོད་རྟེན་གྱི་སྐོར་ལམ་དུ་དུང་འཁོར་ཆེན་པོ་ཞིག་བཞེངས་རྒྱུར་རན་པའི་ས་ཆ་ཞིག་ང་ལ་བདུན་ཕྲག་སྔོན་མ་ཕུལ་བྱུང༌། ང་རང་ཤིན་ཏུ་དགའ་པོ་བྱུང་ཞིང༌། ང་ཚོའི་ལས་འབྲས་དེ་ཙམ་དམན་པོ་མི་འདུག་སྙམ་པའི་བློ་སྤོབས་བྱུང༌། ད་ཆ་ང་ཚོ་ཚང་མ་མཉམ་རུབ་ཀྱིས་ལས་འཆར་དེ་བསྒྲུབ་དགོས་པ་རེད། ངས་འབྲུག་པ་ཨེ་ཤི་ཡར་ལས་འཆར་འདིའི་ཆེད་དཔལ་འབྱོར་འདུ་འགོད་གོ་སྒྲིག་དང་མཐུན་སྦྱོར་བྱེད་དགོས་པའི་རེ་བསྐུལ་བྱས་པ་ཡིན། འདི་འགྲུབ་དང་མ་འགྲུབ་ནི་ང་ཚོའི་བསོད་ནམས་དང་ཡེ་ཤེས་ལ་རག་ལུས་པ་རེད། གོ་སྐབས་འདི་ཤོར་ན་ཡང་སྐྱར་གོ་སྐབས་འདི་འདྲ་ཞིག་ཐོབ་མིན་བརྗོད་ཁག་པོ་རེད། ང་ཚོས་ལས་འཆར་མང་པོ་ཞིག་གི་ཆེད་དུ་དཔལ་འབྱོར་འདུ་འགོད་བྱེད་བཞིན་པར་བརྟེན། ད་ལམ་ལས་འཆར་འདིར་སྦྱིན་བདག་ ༡༠༨ ལས་མི་དགོས་པའི་ཚད་བཟོས་པ་ཡིན། ཡང་རྒྱུ་རྐྱེན་འདྲ་མིན་དབང་གིས་འདིར་མཉམ་ཞུགས་བྱེད་མ་ཐུབ་མཁན་ཚོ་བློ་ཕམ་བྱེད་མི་དགོས། རྗེས་སུ་ཡི་རང་གྱིས། ལས་འཆར་འདི་བསྒྲུབས་རྗེས་མ་འོངས་པར་ལོ་ལྟར་ང་ཚོ་མཉམ་འཛོམས་ཀྱིས་གཟུངས་སྔགས་བཟླས་ཏེ་སྤྱི་སྒེར་གྱི་སྡིག་སྒྲིག་འབྱོང་ཐབས་བྱེད་ཆོག་གི་རེད།

དཔེ་ཆའི་མང་པོའི་ནང༌། གཟུངས་སྔགས་མང་པོ་བཞུགས་པའི་འཁོར་ལོ་དང་མཉམ་དུ་སྔགས་བཟླས་པ་ཡིན་ན་དུང་འཁོར་ནང་བཞུགས་པའི་གཟུངས་སྔགས་ཀྱི་གྲངས་དང་བསྟུན་པའི་ཕན་ཡོན་འགྱུར་ཆེན་པོ་ཡོད་པར་གསུངས་ཡོད། དུང་འཁོར་འདིའི་ནང་ཡིག་བརྒྱ་དུང་ཕྱུར་བཅུ་བཞུགས་སུ་གསོལ་རྒྱུ་ཡིན། ཡིག་བརྒྱ་འབུམ་གཅིག་བསོག་རྒྱུར་དཀའ་ལས་ཇི་ཙམ་ཡོད་སྔོན་འགྲོ་གཏོང་མྱོང་མཁན་ཚོས་ཤེས་ཀྱི་རེད།

བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསོག་པའི་ཐབས་ཤེས་དུ་མ་ཡོད། ཐབས་མཁས་ཡག་ཤོས་ནི་སྡིག་སྒྲིབ་འབྱོང་རྒྱུ་དེ་ཡིན། ང་ཚོས་ཚེ་རབས་སྔོན་མ་ནས་ལས་ཇི་འདྲ་བྱས་ཡོད་མི་ཤེས་སྟབས་སྡིག་སྒྲིབ་བྱང་དགོས་པ་མང་པོ་ཡོད། ང་ཚོས་ལས་བཟང་ངན་གཉིས་ཀ་བསགས་ཡོད་ཀྱི་རེད། ང་ཚོ་བདེ་བ་འདོད་པ་ལས་སྡུག་བསྔལ་མི་དགོས་པས་ན། མི་དགེ་བ་མྱུར་དུ་འབྱོང་ཐབས་བྱས་ན་མི་ལེགས་སམ། རྡོར་རྗེ་སེམས་དཔའ་ནི་སྡིག་སྒྲིབ་འབྱོང་བའི་རྒྱལ་པོ་ལྟ་བུ་རེད་བརྗོད་ནའང་འགྲིག རྡོ་རྗེ་སེམས་དཔས། འཁོར་བར་འཁྱམས་པའི་སེམས་ཅན་གྱི་སྡིག་སྒྲིབ་གཅིག་ཀྱང་མ་ལུས་པར་མ་དག་བར་ཁོང་སངས་རྒྱས་ཀྱི་ས་ལ་མི་གཤེགས་པའི་དམ་བཅའ་མཛད་ཡོད་ན། ཁོང་གི་གཟུངས་སྔགས་བཟླས་ན་ཐབས་ལམ་སྣ་ཚོགས་པའི་སྒོ་ནས་ང་ཚོའི་སྡིག་སྒྲིབ་བྱང་གི་རེད།

འབྲུག་པ་ཨེ་ཤི་ཡ་ནས་ལས་འཆར་འདིའི་ཆེད་www.vajrawheel.org ཞེས་པའི་དྲྭ་གནས་གསར་བཟོས་ཀྱིས་འདི་དང་འབྲེལ་བའི་གནས་ཚུལ་ཞིབ་གསལ་བཀོད་འདུག ལས་འབྲས་གཉིད་ཁུག་སྟེ་སྡོད་ཀྱི་མེད་ནའང་ཡིག་བརྒྱ་དུང་འཁོར་འཁོར་བཞིན་འཇིག་རྟེན་ཀུན་བྱིན་གྱིས་བརླབ་པ་དང་སྦྲགས་རང་གི་མི་དགེ་བའི་ལས་མི་ཉུང་བ་ཞིག་ཀྱང་དག་གི་རེད། རྗེས་མ་ངས་སྡིག་སྒྲིབ་འབྱོང་ཐབས་ཉམས་ལེན་དང༌། ཡིག་བརྒྱ་བགྲང་བའི་ཕན་ཡོན་སྐོར་བྲི་རྒྱུ་ཡིན།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། ལས་ནི་གཉིད་ཁུག་སྟེ་སྡོད་ཀྱི་མ་རེད།