དོན་བརྒྱུད་འབྲུག་པའི་ཆོས་འབྱུང༌།

༈ འབྲུག་པ་ཞེས་མཚན་ཆགས་པའི་རྒྱུ་མཚན་ནི། གྲུབ་ཐོབ་གླིང་ཆེན་རས་པ་དེ་ཉིད་ཀྱི་སློབ་མའི་མཐུ་བོ་རྗེ་བཙུན་སྙིང་རྗེའི་གཏེར་ཆེན་མངོན་སུམ་མིའི་ཤ་ཚུགས་སུ་བྱོན་པ། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་དཔོན་སློབ་རྩེ་བོ་ལ་རྩེར་བྱོན་སྐབས་གདན་ས་འདེབས་པའི་ས་གནས་གནམ་ཞེས་པ་དེར་འབྲུག་མ་བུ་དགུ་བབས་ནས་འདུག་པ་ནམ་མཁའ་ལ་འཕུར་ཞིང་འབྲུག་སྐད་ཆེན་པོ་ལན་གསུམ་གྲགས་པའི་རྟེན་འབྲེལ་ལ་རྟེན་ནས་གདན་སའི་མཚན་ལ་འབྲུག་ཏུ་བཏགས་ཤིང༌། ཕྱིས་ཆོས་བརྒྱུད་དང་དེ་འཛིན་གྱི་སྐྱེས་བུ་རིམ་བྱོན་རྣམས་ལའང་འབྲུག་པ་ཞེས་ཡོངས་སུ་གྲགས། དེ་ཡང་འགྲོ་མགོན་གཙང་པ་རྒྱ་རས་དེ་ཉིད་ལ་སློབ་མ་བསམ་གྱིས་མི་ཁྱབ་ཅིང་འབྲུག་དང་ར་ལུང་དུ་དུས་གཅིག་ལ་དགེ་འདུན་ཁྲི་ཕྲག་མང་པོ་ཚོགས་ཤིང་དེ་ཐམས་ཅད་ཀྱང་ཡང་དག་པའི་གདམས་ངག་མཐར་ཕྱིན་ནས་འཁོར་འགྱེད་ལན་གསུམ་དུ་གནང་བས། རབ་རྣམས་ནི་འཇའ་ལུས་བརྙེས་པས་སྟེང་ལྷ། འོག་ཀླུ། བར་མིའི་འཇིག་རྟེན་གཞན་དུ་ཕེབས། འབྲིང་རྣམས་ཨུ་རྒྱན། ཤམ་བྷ་ལ། སིངྒ་ལ། གསེར་གླིང༌། ཟངས་གླིང་སོགས་དང༌། མཐའ་མ་རྣམས་ཛ་ལནྡྷ་ར་ནས་རྒྱ་ནག་པོའི་མཐའ་ཚུན་ཆད་གང་བར་བྱས། དེ་དག་ལ་ནང་ཚན་དུ་ཕྱེ་ན།

སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་སའི་དྲེག་པ། བར་འབྲུག་སློབ་མ་ཆེ་བ་གདུགས་ཐོགས་པ་ཁོ་ནའང་ཉིས་སྟོང་བརྒྱད་བརྒྱ་ལྷག་བྱུང་ཞིང༌། བཅོམ་ལྡན་འདས་འཁོར་ལོ་སྡོམ་པས་བསྐལ་པ་བཟང་པོ་འདི་ལ་མོས་པར་འཚང་རྒྱ་བར་ལུང་བསྟན་པ་དང༌། ཙ་རི་ཕོ་བྲང་གཡུ་མཚོར་རྡོ་རྗེ་རྣལ་འབྱོར་མས་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ལ་ལུང་བསྟན་པ་ལྟར་དཔལ་ལྡན་འབྲུག་པའི་བསྟན་པ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་ཅིང༌། འཛམ་གླིང་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་གཏམ་དུ་གྲགས་པའི་དར་རྒྱས་བྱུང་ཞིང༌། དེང་སང་རྒྱལ་བསྟན་ཉག་ཕྲ་འདི་ལྟའི་སྐབས་སུ་ཡང་ཧི་མ་ལ་ཡའི་རི་རྒྱུད་ལ་དྭགས་དང༌། ཟངས་དཀར། ག་ཞ། ཁུ་ནུ། བལ་པོ། འབྲུག། འབྲས་ལྗོངས། གཞན་ཡང་ཕྱིའི་རྒྱལ་ཁབ་མང་དག་ལའང་བསྟན་པ་འདིས་ཁྱབ་པ་ཡིན་ནོ།།

You are here: མདུན་ངོས། ང་ཚོའི་སྐོར།